ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ ཉིན་སིམ་ལ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱི་ལས་སྣེ་ཐོག་གསར་འདེམས་ཆེད་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ནང་ཁུལ་དབར་འོས་བསྡུ་གནང་རྗེས། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོར་ལྕམ་སྐུ་ས་ཏྱ་ཀོཎྜལ་ Satya Kaundal མཆོག་དང་ཚོགས་གཞོན་དུ་སྐུ་ཞབས་ཤེ་ལེནྡྲ་ཅོ་ཧན་ Shailender Chauhan མཆོག་རྣམ་གཉིས་ལ་མང་མོས་འདེམས་ཐོན་བྱུང་ཡོད་པར་བརྟེན། ཕྱི་ཚེས་ ༢༠ ཉིན་སིམ་ལ་མི་མང་གི་སྐུ་ཚབ་མཚོན་ཆེད་སིམ་ལ་སྤྱི་ཁྱབ་བསྟན་འཛིན་ནོར་བུས་སྣེ་ཁྲིད་འོག་ས་གནས་དགོན་སྡེ་གཉིས་ཀྱི་སྐུ་ཚབ་དང་།
སིམ་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་བཅས་ནས་དུས་ཐོག་སིམ་ལ་གྲོང་སྡེ་ལས་ཁུངས་ Town Hall སུ་ཆེད་བཅར་ཞུས་པ་དང་སྦྲགས། ཁོང་རྣམ་པ་གཉིས་ལ་དགའ་བསུའི་འཚམས་འདྲིའི་ཡི་གེ་དང་མཇལ་དར། དེ་བཞིན་ཕྱག་རྟགས་བཅས་ཕུལ་ཡོད་པ་མ་ཟད། ད་བར་གྲོང་སྡེ་ལྷན་ཚོགས་ནས་སིམ་ལ་གནས་འཁོད་བོད་མིའི་བདེ་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གང་ཐུབ་གནང་ཡོད་པ་ལྟར། མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་ལས་དོན་བཀྲ་ཤིས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་ཡོད་པ་བཅས། །