༢༠༡༩ ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་བཏོན་གསལ་ལྟར་ན། ཕྱི་ཟླ་ ༡༢ ཚེས་༦ ཉིན་རྒྱ་གཞུང་གིས་ཉེས་གསོག་གི་གསལ་ཁ་ཅི་གང་མེད་པར་ཨ་ཉ་སེང་སྒྲར་སྙད་འཚོལ་འཁྲུག་སློང་དང་མི་མང་བསྡུ་རུབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་མིང་འོག་ཏུ་ཁྲིམས་ཆད་ཀྱི་བཅད་ཁྲ་བསྒྲགས་ཡོད་པ་རེད། ཉེས་འཛུགས་འདི་གཉིས་དང་ད་ལྟ་རྒྱ་ནག་རྒྱལ་ཡོངས་ནང་ལག་ལེན་སྟར་བཞིན་པའི་ནགས་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དེ་ཆབ་སྲིད་ཀྱི་ལག་ཆ་གཙོ་བོར་བཟུང་སྟེ། ཉེ་བའི་ལོ་ངོ་འདི་དག་རིང་རྒྱ་གཞུང་གིས་བོད་ནང་དུ་སྲིད་གཞུང་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་དང་སྲིད་གཞུང་གི་ནོར་འཁྲུལ་ལ་སྐྱོན་བརྗོད་གནང་མཁན་ཚང་མ་ཚར་གཅོད་དང་གྲགས་འགུལ་མེད་པ་བཟོ་མུས་ཡིན་པ་རེད།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་མི་དམངས་ཁྲིམས་ཁང་ནས་ཉིན་༢ རིང་ཁྲིམས་ར་འཚོགས་ཁུལ་གྱིས་བོད་མི་༨ ལ་ཉེས་འཛུགས་ཁྲིམས་ཐག་བཅད་པའི་གྲས་སུ་ཨ་ཉ་སེང་སྒྲ་ཡང་ཡོད་པ་རེད། ནག་མེད་ཉེས་འགེལ་བྱས་པའི་བོད་མི་གཞན་དག་ནི་བསོད་དུང་དང་། ཅིན་ཁྲུན། ཨ་ཞོལ། རྡོ་བཟང་། དབང་རྒྱལ། རྒྱལ་མཚན། ལྔོག་བྷེ། ཨོ་རྒྱན་ཚེ་རིང་དང་དབང་ཆེན་བཅས་ཡིན་པ་དང་། ཨོ་རྒྱན་ཚེ་རིང་དང་དབང་ཆེན་གཉིད་གྲྭ་བ་ཡིན་ཚོད་འདུག བོད་མི་འདི་དག་གི་གྲས་ནས་མི་གཅིག་གི་ཁྲིམས་བཤེར་གནས་སྟངས་ཤེས་རྟོགས་ཐུབ་མེད་ཅིང་། ཁོང་ཚོ་ཚང་མ་ཁྲིམས་ཞིབ་མ་བྱས་སྔོན་ལ་དུས་ཡུན་ཟླ་བ་༡༤ བཀག་ཉར་བྱས་འདུག
ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ལིན་ཆི་ལེ་(Lin Qilei)བརྗོད་དོན་ལྟར་ན། ཁོང་དང་ཁྲིམས་རྩོད་གཞན་གཅིག་གིས་ཐེངས་འདིའི་ཉེས་འཛུགས་བཅད་ཁྲར་ངོས་ལེན་མ་གནང་བར་བསྐྱར་དུ་ཞུ་གཏུག་དགོས་པ་བརྗོད་འདུག སྐུ་ཞབས་ལིན་གྱིས། ཁྲིམས་ཁང་གི་བཅད་ཁྲ་དེ་དྲང་བདེན་མིན་པ་བརྗོད་འདུག རྒྱུ་མཚན་ཨ་ཉ་སེང་སྒྲར་ཉེས་པ་མེད་པ་དང་། ཉེན་རྟོག་པས་ཁོང་ལ་བཤད་པ་ལྟར་ཉེས་འཛུགས་དེ་ནགས་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་ངོ་བོར་བསྒྱུར་ཡོད་པ་རེད།
བཅད་ཁྲ་འདིས་སླར་ཡང་རྒྱ་ནག་ནང་ཁྲིམས་ཞིབ་ཁང་ལ་དབང་ནུས་ཅི་གང་མེད་པ་དང་། ཁྲིམས་ཀྱི་དབང་སྒྱུར་མེད་པའི་གནས་སྟངས་འོག་རྒྱ་གཞུང་གི་ཁྲིམས་འཛིན་དཔོན་རིགས་ཚོས་ཉེས་ཆད་འཁུར་མི་དགོས་པའི་ཐོག་ནས་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བརྡལ་བཤིག་གཏོང་བཞིན་པ་གསལ་སྟོན་བྱས་ཡོད།
གནས་སྟངས་འདིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རུལ་སུངས་གཙང་ཕྱག་དང་དབུལ་སྐྱོར་ཞེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་པ་དེའི་དོན་དངོས་གསལ་འདོན་བྱས་ཡོད། སྤྱིར་ཨ་ཉ་སེང་སྒྲ་ནི་དབང་ཆ་ལོག་སྤྱོད་དང་རུལ་སུང་ཐེར་འདོན་གནང་བར་བློ་སྤོབས་ཆེ་ཞིང་ཀུན་གྱིས་མིག་དཔེར་ལྟ་འོས་པ་ཞིག་ཡིན་སྟབས། ས་གནས་བོད་མི་བརྒྱ་ཕྲག་མང་པོས་ཁོང་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་གནང་ཡོད།
ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོས་དགའ་བདེ་རྫོང་ས་གནས་སྲིད་གཞུང་གི་དབང་འཛིན་དཔོན་རིགས་ཚོས་ཚུལ་མིན་ཁྲིམས་འགལ་ལག་བསྟར་དང་རུལ་སུངས་ཐེར་འདོན་གནང་ཐུབ་ཡོད་པས། ས་གནས་སྲིད་གཞུང་གིས་ཁོ་ཚོ་ཉེས་འགེལ་འོག་བཙོན་འཇུག་བྱས་པ་གསལ་བོ་རེད།
ཕྱི་ལོ་༢༠༡༨ ཟླ་༩ ཟླ་སྟོད་ཙམ་ནང་ཁོང་བཀག་བསྐྱིལ་མ་བྱས་སྔོན་ལ་ས་གནས་མི་མང་༢༠༠ ལྷག་ཨ་ཉ་སེང་སྒྲའི་རུལ་སུངས་ཐེར་འདོན་ལས་འགུལ་ནང་མཉམ་ཞུགས་ཀྱིས། ཨ་ཉ་སེང་སྒྲའི་ཕ་ཡུལ་སྐྱང་ཆད་ཡུལ་ཚོ་ཚུད་པའི་ས་གནས་སྲིད་གཞུང་ཁག་གིས་མང་ཚོགས་ཀྱི་དབུལ་སྐྱོར་རོགས་དངུལ་ཧམ་ཟ་བྱས་པའི་གནད་དོན་དེ་ཞིང་ཆེན་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་ལ་ཞུ་གཏུག་བྱེད་པར་གྲ་སྒྲིག་གནང་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་༨ ནང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ནས་དགའ་བདེ་རྫོང་གི་མང་ཚོགས་ཀྱི་དབུལ་སྐྱོར་རོགས་དངུལ་ཧམ་ཟ་བྱས་པའི་གནད་དོན་སྣང་མེད་གཏོང་མཁན་ས་གནས་དཔོན་རིགས་ཁག་ཅིག་གནས་དབྱུང་བཏང་ཡོད་པ་རེད། ས་གནས་ཀྱི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གཙང་སྐོར་ཞོལ་མ་ཡུལ་ཚོའི་དམར་ཤོག་དྲུང་ཆེ་ལུ་ཞུ་ཧྥ་(Lu Xuhu)དང་། ཡུལ་ཚོའི་འགོ་ཁྲིད་མགོན་པོ། དགའ་བདེ་རྫོང་དབུལ་སྐྱོར་གཞུང་ལས་ཁང་༼དེས་སྐྱང་ཆད་ཡུལ་ཚོ་ཚུད་པའི་ཡུལ་ཚོ་ཁག་ཅིག་གི་དུད་ཁྱིམ་༡༣༥ ལ་རྒྱུ་སྤུས་ཞན་པའི་སྡོད་ཁང་འཛུགས་སྐྲུན་བྱེད་ཀྱི་ཡོད་འདུག༽གི་འགོ་ཁྲིད་འབྲུག་ཆོས་ཚེ་རིང་སོགས་གོ་གནས་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་བསྒྲགས་འདུག ད་དུང་དགའ་བདེ་རྫོང་མི་དམངས་སྲིད་གཞུང་གི་ཁྲིམས་དཔོན་གཞོན་པ་ཡང་ཅིན་ཧྥིང་(Yang Jinfeng)གོ་གནས་ནས་ཕྱིར་ཕུད་དང་ཉེན་བརྡ་ནན་མོ་བཏང་ཡོད་པ་རེད།
ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོའི་རུལ་སུངས་ཐེར་འདོན་གནང་བར་བརྟེན་ནས་གོང་ཞུས་ས་གནས་དཔོན་ངན་དེ་དག་གོ་གནས་ནས་གནས་དབྱུང་གཏོང་ཐུབ་པ་བྱུང་བ་རེད། ཨ་ཉ་སེང་སྒྲས་ས་གནས་དཔོན་རིགས་ཚོར་ལྟ་ཞིབ་ཀྱིས། ས་གནས་སྲིད་གཞུང་དང་བར་ཁེ་གཉེར་མཁན་ཚོའི་ངན་འབྲེལ་དང་མང་ཚོགས་ཀྱི་རོགས་དངུལ་ཧམ་ཟ་བྱས་པའི་རུལ་སུངས་ཐེར་འདོན་གནང་ཡོད།
རྒྱ་ནག་ས་གནས་སྲིད་གཞུང་གིས་ཁྲིམས་ཡིག་རྫུན་མ་བཟོས་ནས་ནག་མེད་ཉེས་འཛུགས་བྱེད་ཆེད་ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོ་ཁྲིམས་ཞིབ་མ་བྱས་པར་དུས་ཡུན་རིང་བོར་བཀག་ཉར་བྱས་པ་རེད། དེར་མ་ཟད་༼ཁྲིམས་ར་མ་འཚོགས་སྔོན་གྱི་ཉིན་གྲངས་༣ དང་ཕྱེད་ཀའི་རིང་ཚོགས་འདུ་ཚོགས་ནས་ཨ་ཉ་སེང་སྒྲས་ས་གནས་སྲིད་གཞུང་གི་ཉེས་འཛུགས་གཏུག་བཤེར་དང་ལེན་མ་བྱས་པར་བརྟེན་ནས༽ཕྱི་ཟླ་༡༠ ཚེས་༡༨ དགོང་མོར་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་གྱོད་ཞིབ་པ་རྡོ་རྗེ་ཚེ་རིང་ཟེར་བ་ཞིག་གིས་ཁྲིམས་རྩོད་པ་ལིན་ཆི་ལེ་(Lin Qilei)ལ་ཁ་པར་ཐེངས་གཉིས་ལ་བཏང་ནས་ཨ་ཉ་སེང་སྒྲར་སྙད་འདོགས་གཡོ་ལེན་གྱི་ཉེས་འཛུགས་ཁྲིམས་ཡིག་རྫུན་མ་བཟོ་དགོས་པའི་ངན་སྐུལ་བྱས་ཡོད་པ་དང་། དེའི་སྔོན་ལ་རྒྱ་གཞུང་གི་ཁྲིམས་ཞིབ་པ་ཚོས་ཁྲིམས་ཁང་ལ་སྤྲོད་རྒྱུའི་ཉེས་འཛུགས་ཁྲིམས་ཡིག་རྫུན་བཟོ་བྱེད་རྒྱུ་བརྗེད་སྐད། སྐུ་ཞབས་ལིན་གྱིས་ངན་སྐུལ་དེ་དང་ལེན་མ་གནང་བར་ཨ་ཉ་སེང་སྒྲར་ཁྲིམས་མཐུན་སྲུང་སྐྱོབ་བྱེད་རྒྱུ་ནི་ཁོང་གི་འོས་འགན་ཡིན་པ་དང་ཁོང་གིས་རང་ཉིད་ཀྱི་དོ་བདག་ལ་ནག་མེད་ཉེས་འགེལ་བྱེད་འདོད་མེད་སྐོར་གྱི་ལན་འདེབས་གནང་ཡོད་པ་རེད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། ཐེངས་འདིའི་བཅད་ཁྲ་དེ་ནི། རྒྱ་གཞུང་གིས་ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོར་མ་ཉེས་ཁ་གཡོག་དང་། གཞི་རིམ་མང་ཚོགས་ཁྲོད་ཀྱི་དཔོན་ངན་ཚོའི་རུལ་སུངས་ཐེར་འདོན་གྱི་ཕན་ནུས་༼དེས་རྒྱ་གཞུང་གི་དབུལ་སྐྱོར་དང་རུལ་སུངས་གཙང་ཕྱག་གི་དམག་འཐབ་ཀྱི་ཕམ་ཉེས་གསལ་སྟོན་བྱས་ཡོད།༽རྩ་མེད་བཟོ་ཐབས་སུ། འཆར་གཞི་ལྡན་པའི་ཇུས་ངན་འཐེན་པའི་མཇུག་འབྲས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་གཞུང་གིས་ངེས་པར་དུ་ཐེངས་འདིའི་ཁྲིམས་འགལ་གྱི་བཅད་ཁྲ་དེ་མྱུར་དུ་རྩིས་མེད་བཏང་ནས། ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོ་ཁྲིམས་འགལ་བཀག་ཉར་བྱེད་བཞིན་པ་མཚམས་འཇོག་དགོས། འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་བྲེལ་མིན་པའི་ཚོགས་སྒེར་ཁག་གིས། རྒྱ་གཞུང་གིས་ཉེས་མེད་བོད་མི་ཚོ་ཁྲིམས་འགལ་བཙོན་འཇུག་དང་གྲགས་འགུལ་མེད་པ་བཟོ་བཞིན་པ་མཚམས་འཇོག་ཏུ་འཇུག་ཆེད། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁུར་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད།