༢༠༡༩ ཟླ་ ༡༢ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༠ ཉིན་བཏང་གནས་ནང་འཁོད་དོན། འདི་ག་ཨོ་སི་ཀྲོ་ལི་ཡའི་ཁྱབ་ཁོངས་བོད་མི་འདུས་སྡོད་ས་གནས་ཁག་ནས་དགའ་སྤྲོའི་རྣམ་པ་འདྲ་མིན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུས་ཡོད།
ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན། ཨོ་གླིང་རྒྱལ་ས་ཁེན་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ཁེན་བྷེ་ར་གདོད་མའི་མི་རིགས་ཀྱི་ཚོགས་ཁང་དུ་ཁེན་བྷེ་རར་གནས་སྡོད་བོད་མི་རྣམས་འདུ་འཛོམས་ཀྱིས་ཐོག་མར་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་འབྲས་སིལ་འདེགས་འབུལ་རྗེས་༸རྒྱལ་བའི་ཞབས་བརྟན་གསུང་འདོན་དང་འབྲེལ་བཞུགས་ཁྲིར་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་ཞུ་དང་མཇལ་དར་སྒྲོན་འབུལ་དང་།
སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ནས་དུས་ཆེན་ངོ་སྤྲོད་དང་འབྲེལ་དོན་གཅོད་ལས་ཁུངས་ཀྱི་མ་འོངས་ལས་འཆར་ཁག་ཅིག་ཀྱང་ངོ་སྤྲོད་གནང་བ་དང་། བོད་རིགས་མཐུན་ཚོགས་རྒྱུན་ལས་རྙིང་པའི་ཚོགས་གཙོ་ནས་ལས་བསྡོམས་ཀྱང་སྙན་སེང་ཞུས་ཡོད། དུས་ཆེན་ཐོག་ཁེན་བྷེ་ར་གཟའ་མཇུག་སློབ་གྲྭའི་སློབ་མ་དང་། བོད་རིགས་མཐུན་ཚོགས་ཀྱི་གླུ་གར་ཚོགས་པས་གནའ་དེང་གླུ་གཞས་འཁྲབ་སྟོན་ཞུས་པ་མ་ཟད། ས་གནས་བོད་རིགས་མཐུན་ཚོགས་ནས་རོ་བཅུད་ལྡན་པའི་ཞལ་ལག་ཕུན་སུམ་ཚོགས་པ་བཀྱག་པ་དང་སྒོར་གཞས་སོགས་ཁྲབ་སྟེ་དགའ་སྤྲོའི་རྣམ་པ་ཁེངས་པའི་དུས་ཆེན་ཞིག་སྲུང་བརྩིས་ཞུས་ཡོད།
ཨོ་གླིང་ཝིག་ཊོ་རི་ཡ་མངའ་ཁུལ་དུ་གནས་བཞུགས་བོད་མི་རྣམས་ནས་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་མེལ་སྦོན་གྲོང་ཁྱེར་དུ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པའི་ཉིན་དུས་ཆེན་སྲུང་བརྩི་ཞུས་ཡོད། དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་རྣམ་པ་དང་མི་མང་ཁྱོན་མི་གྲངས་གསུམ་བརྒྱ་ལྷག་འདུ་འཛོམས་ཀྱིས་སྔོན་ལ་བསང་གསོལ་བཏང་གནང་བ་དང་། དེ་རྗེས་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རིན་ཆེན་ནོར་བུ་ལགས་ཀྱིས་༸རྒྱལ་བའི་བཞུགས་ཁྲིར་མཇལ་དར་ཕུལ་ཏེ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་།
མཛད་སྒོའི་ཐོག་མར་བོད་ཀྱི་རྒྱལ་གླུ་དང་དེ་རྗེས་བོད་ནང་གི་རྒྱལ་གཅེས་ཕོ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་མྱ་ངན་ཞུས་གྲུབ་མཚམས་དགེ་འདུན་པ་རྣམས་ཀྱིས་དབུ་མཛད་དེ་༸རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་བ་དང་། མི་མང་རྣམས་ནས་རིམ་པས་༸རྒྱལ་བའི་བཞུགས་ཁྲིར་མཇལ་དར་ཕུལ། དེ་ནས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་སྐུ་མགྲོན་དང་མི་མང་རྣམས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དེ་རྗེས་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རིན་ཆེན་ནོར་བུ་ལགས་ཀྱིས་དུས་ཆེན་སྲུང་བརྩི་ཞུས་པ་དང་འབྲེལ་བའི་གསུང་བཤད་གནང་རྗེས། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཝིག་ཊོ་རི་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སེམ་ཧི་བྷིན་སི་(Sam Hibbins)མཆོག་དང་། དམིགས་བསལ་སྐུ་འགྲོན་གཞན་རྣམ་པས་རིམ་བཞིན་གསུང་བཤད་གནང་བ་དང་། ཚོགས་གཙོ་དང་སྐུ་མགྲོན་རྣམ་པས་གསུང་བཤད་གནང་གྲུབ་མཚམས། ས་གནས་སུ་གསར་དུ་ཕེབས་པའི་བོད་རིགས་རྣམས་ལ་ཕེབས་བསུའི་མཇལ་དར་ཕུལ་འདུག དེ་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་དང་། བོད་མི་རྒན་གཞོན་རྣམས་ནས་ཐུན་མིན་བོད་ཀྱི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གནང་།
ཉིན་གུང་ཞལ་ལག་རྗེས་སུ་རྩེད་རིགས་སྣ་ཚོགས་གོ་སྒྲིག་ཞུས་པ་དང་། དགོང་ཚིགས་རྗེས་སུ་ཕོ་མོ་རྒན་གཞོན་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་སྒོར་གཞས་འཁྲབ་སྟེ་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཉིན་འཁྱོངས་ཞུས་འདུག
ཁུན་སི་ལེན་ཌེ་མངའ་སྡེར་གནས་སྡོད་བོད་མི་ཚོ་ཁུན་སི་ལེན་ཌེ་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༨ ཉིན་རྒྱལ་ས་སྦིར་སི་སྦེན་དུ་ལྷན་འཛོམས་ཀྱིས། ཕྱི་ནང་གི་སྐུ་མགྲོན་ཚོ་མཉམ་དུ་དུས་ཆེན་སྲུང་བརྩི་ཞུས་འདུག དེ་ཡང་དུས་ཆེན་སྲུང་བརྩིའི་ཐོག་ཕྱི་ནང་གི་སྐུ་མགྲོན་ཚོས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་མ་ཟད། དམིགས་བསལ་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཚོས་བོད་ཀྱི་དག་ཡིག་སྦྱོར་ཀློག་གི་འགྲན་བསྡུར་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་པ་དང་།
ད་ཐེངས་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོ་སྲུང་བརྩི་ཞུས་པར་གྲོང་ཁྱེར་སྦིར་སི་སྦེན་གྱི་གྲོང་སྡེའི་འཐུས་མི་ལྕམ་སྐུ་ཝེ་ཀི་ཧུ་ཝར་ཊར་(Cr Vicky Howrd)མཆོག་ནས་རྒྱབ་སྐྱོར་མཚོན་བྱེད་དུ་ཨོ་སྒོར་ ༥༠༠ ཐམ་པ་ཞལ་འདེབས་གནང་ཡོད་པ་དང་།
ཁུན་སི་ལེན་ཌེ་བོད་རིགས་མཐུན་ཚོགས་ཀྱི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་གཙོས་བོད་མི་ཚོ་ཉིན་རྒྱབ་ཆུ་ཚོད་ ༢་༣༠ ནས་དགོང་མོའི་ཆུ་ཚོད་ ༩་༠༠ པའི་བར་དུ་ཚང་མས་ཐུན་མིན་གཞས་དང་ཞབས་བྲོ་འཁྲབ་པ་སོགས་དགའ་ཞིང་སྤྲོ་བའི་དུས་ཆེན་ཕུན་སུམ་ཚོགས་པ་ཞིག་སྲུང་བརྩི་ཞུས་ཡོད།
ནིའུ་སའོ་ཐེ་ཝེལ་སི་མངའ་ཁོངས་ཝ་ཀ་ཝ་ཀ་ས་གནས་བོད་མི་གནས་སྤོ་བྱ་ཡུལ་ས་གནས་གསར་ཤོས་ཤིག་ཡིན་ལ། ས་གནས་བོད་རིགས་མཐུན་ཚོགས་ཀྱང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༣ ཉིན་གསར་བཙུགས་གནང་བའི་བོད་རིགས་མཐུན་ཚོགས་གསར་ཤོས་དེ་ཆགས་ཡོད། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༤ ཉིན་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་བོད་མི་རྣམས་ས་གནས་རིག་གཞུང་སྣ་མང་གི་ཚོགས་ཁང་དུ་ལྷན་འཛོམས་བྱུང་སྟེ། ཐོག་མ་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་རྗེས་ཚང་མས་མཇལ་དར་ཕུལ་བ་དང་། དེ་ནས་དུས་ཆེན་ངོ་སྤྲོད་གསུང་བཤད་དང་འབྲེལ་ཚང་མས་གཞས་དང་ཞབས་བྲོ་ལ་རོལ་ཏེ་དུས་ཆེན་སྟབས་བདེ་ཞིག་སྲུང་བརྩི་ཞུས་འདུག
ནིའུ་སའོ་ཐེ་ཝེལ་སི་མངའ་ཁོངས་ཁེན་བྷེ་ཁྲོམ་ཕྱོགས་སུ་གནས་སྡོད་བོད་མི་ ༦༠ ལྷག་དང་གཡས་གཡོན་དུ་ཡོད་པའི་བོད་མི་རྣམས་ནས་ཁྱིམ་ཚང་སོ་སོས་ཞལ་ལག་དམིགས་བསལ་རེ་བཟོས་ནས། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ས་གནས་དེར་ཕྱོགས་སུ་ཡོད་པའི་ས་སྐྱ་ཐར་པ་གླིང་ཆོས་ཚོགས་སུ་ལྷན་འཛོམས་བྱུང་སྟེ། ཆོས་ཚོགས་ཀྱི་དབུ་བླ་གདུང་རྒྱུད་སྤྲུལ་སྐུ་རིན་པོ་ཆེ་དབུ་བཞུགས་ཐོག་ཚང་མས་གཞས་དང་ཞབས་བྲོ། རྩེད་རིགས་སྣ་ཚོགས་གོ་སྒྲིག་འོག་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། གཞན་བོད་མི་གནས་སྡོད་ས་གནས་ཚང་མར་སྤྱི་སྒེར་ཅི་རིགས་ནས་རྣམ་པ་འདྲ་མིན་ཐོག་ནས་ནོ་སྦེལ་ཞི་བདེའི་ཉིན་མོ་སྲུང་བརྩི་ཞུས་འདུག་པ་དང་བཅས། །