༢༠༡༠ ཟླ་ ༧ ཚེས་ ༡༦ རེས་གཟའ་པ་སངས།
༅༅། བྷི་བྷི་སི་ (BBC) གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༤ རེས་གཟའ་ལྷག་པའི་ཉིན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཝིལ་ལེམ་ཧེག་མཆོག་ (William Hague) རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇའི་ཆི་དང་མཇལ་འཕྲད་གནང་ཡོད། སྐབས་དེར་སྐུ་ཞབས་ཝིལ་ལེམ་ཧེག་མཆོག་ནས་དབྱིན་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་ཡུན་རིང་པོ་ནས་སེམས་འཚབ་ཡོད་སྐོར་གསུངས་ཡོད་པ་མ་ཟད། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་སྲིད་རང་སྐྱོང་གི་གནས་བབ་བསྐྲུན་པའི་ཐོག་ཡུན་རིང་བརྟན་ལྷིང་གི་གནས་སྟངས་ཤིག་ཡོང་ཐུབ་པ་དབྱིན་གཞུང་གིས་མཐོང་འདོད་ཡོད་སྐོར་གསུངས་ཡོད། རེས་གཟའ་ཕུར་བུའི་ཉིན་ཕྱི་སྲིད་དྲུང་ཆེ་མཆོག་ཉི་ཧོང་དུ་མ་ཕེབས་གོང་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་དང་མཇལ་འཕྲད་གནང་འདུག དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་མཆོག་ཐེངས་འདིར་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་ཐེངས་དང་པོ་ཆགས་ཡོད།