ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་རཱ་ཇི་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭར་འཚམས་གཟིགས་སྐོར་སྐྱོད་གནང་ཡོད་ཅིང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ས་གནས་སུ་ཕེབས་འབྱོར་སྐབས་མཉམ་ལས་བཟོ་འགོ་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་སྣེ་ཁྲིད་འོག་བཀའ་བློན་མཆོག་ལ་ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་ཞུས་སོང་། དེ་རྗེས་བཀའ་བློན་མཆོག་མཉམ་ལས་ཀྱི་ཡིག་ཚང་དུ་ཕེབས་བསྟུན། ས་གནས་སུ་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གོ་བསྡུར་དང་སྦྲགས་གསན་གཟིགས་གནང་ཡོད།
སྐབས་དེར་བཀའ་བློན་མཆོག་གིས་ང་ཚོ་སྒྲིག་འཛུགས་ཀྱིས་ས་གནས་སུ་ལས་འཆར་སྤེལ་སྐབས་ཚགས་ཚུད་པོ་ཞིག་ནམ་ཡང་ཡོང་ཐུབ་ཀྱི་མེད། དེར་བརྟེན་གཙོ་བོ་ས་གནས་མི་མང་གིས་གཙོས་གཞོན་སྐྱེས་རྣམས་བསྐོང་ནས་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སྐོར་སོགས་གོ་བསྡུར་ལྷུག་པོ་གནང་སྟེ་ལས་འཆར་སྤེལ་ཐུབ་པ་ཡིན་ན་དགེ་མཚན་ཆེ་བ་ཡོད། ཅེས་གསུངས། སྤྱིར་རཱཇ་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭ་ནི་ཕྱི་ལོ་ ༡༩༦༥ ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༦༧ ལོར་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་འགོད་གནང་འདུག སྐབས་དེར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭར་སྤྱི་ཡོངས་ཀྱི་ལས་མི་ཁྱོན་མི་གྲངས་བརྒྱ་ ཙམ་གྱི་ཚད་གཞི་ཡིན་ཡང་ད་ཆ་ལས་མི་ཁྱོན་ ༦༧ ཙམ་འདུག
བཟོ་གྲྭར་འཚམས་གཟིགས་རྗེས་བཀའ་བློན་མཆོག་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭར་ཕེབས་ཡོད། སྐབས་དེར་མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་གཙོས་དགེ་ལས་རྣམས་ནས་བཀའ་བློན་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་རྗེས་སློབ་གྲྭར་གཟིགས་སྐོར་གནང་འདུག སྤྱིར་སློབ་གྲྭ་དེ་ནི་དེ་སྔོན་སམ་བྷོ་ཊ་བདེ་སྐྱིད་སློབ་གྲྭའི་ཁོངས་གཏོགས་ཡིན་ཡང་། ཕྱི་ལོ་ ༡༩༨༠ ཙམ་ལ་སློབ་གྲྭ་དེ་བཞིན་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ཉིན་མ་སུ་རི་བོད་ཁྱིམ་ནས་རྩིས་བཞེས་གནང་འདུག ད་ཆ་སློབ་གྲྭའི་མིང་བདེ་སྐྱིད་བོད་ཁྱིམ་སློབ་གྲྭ་ཞེས་འབོད་པ་རེད་འདུག སློབ་གྲྭའི་ནང་སློབ་ཕྲུག་ཁྱོན་གྲངས་ ༢༣༠ ཡོད་འདུག
བཀའ་བློན་མཆོག་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་གཟིགས་སྐོར་ཕེབས་པ་དང་སྦྲགས། བདེ་སྐྱིད་གླིང་གཞིས་ཆགས་སུ་འགྲོ་བཞིན་པའི་ཆུ་མཛོད་ཀྱི་ལས་གཞི་ལ་སོགས་སུ་གཟིགས་ཞིབ་གནང་ཡོད་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༡༨ ཉིན་རྒྱབ་བཀའ་བློན་མཆོག་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་སུ་ཕེབས་པ་དང་། སྐབས་དེར་བདེ་སྐྱིད་གླིང་ས་གནས་འགོ་འཛིན་གྱིས་གཙོས་གཞིས་ཆགས་ཀྱི་བརྒྱ་དཔོན་སྐལ་ལྡན་ལགས་དང་བློ་བཟང་ལགས། དེ་བཞིན་སྤྱི་མི་ལས་ཚབ་བློ་བཟང་ལགས་བཅས་ལྷན་བཅར་ཞུས་ཏེ་མི་མང་གི་དཀའ་ངལ་གོ་བསྡུར་ལྷུག་པོ་གནང་འདུག་པ་བཅས། །