༢༠༡༩ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་ཨང་(HR 4331) Tibetan Policy and Support Act 2019 ཞེས་པ་དེ་བཏོན་གནང་ཡོད། ཁྲིམས་འཆར་འདི་གྲོས་ཚོགས་གོང་མའི་ནང་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་བཏོན་གནང་ཡོད་འདུག མཐར་གྲོས་ཚོགས་གོང་འོག་ཐུན་མོང་ཐོག་གཏན་འབེབས་གནང་རྒྱུ་ཡིན་ཡང་། བར་དེར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ ཉིན་ཁྲིམས་འཆར་དེར་ཉན་ཞིབ་གནང་སྐབས། ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་སྤྱི་མོས་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་ཨང་(HR 4331) དེ་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་Rep. James McGovern མཆོག་གིས་བཏོན་གནང་བ་དང་། གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ Sen. Marco Rubio མཆོག་གིས་བཏོན་གནང་ཡོད།
འོན་ཀྱང་ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཁྲིམས་འཆར་འདོན་མཁན་ནི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལོ་ཡི་ཊི་ཨེན་ཇེལ་Rep. Eliot Engel མཆོག་ཡིན་འདུག ཁྲིམས་འཆར་དེར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་Chris Smith མཆོག་གིས་རྒྱབ་སྐྱོར་གནང་བ་དང་། ཁོང་ནི་དེ་སྔ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གནང་མྱོང་ཡོད་འདུག ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་སྐབས་ཁོང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཁྲིམས་འཆར་དེར་ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་ཡོད་པ་མཚོན་ཆེད་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James McGovern མཆོག་དང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་Chris Smith མཆོག་གཉིས་ཀྱིས་ཁྲིམས་འཆར་དེ་བཞིན་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ངོ་སྤྲོད་གནང་འདུག
སྐབས་དེར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་Chris Smith མཆོག་གིས་བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བའི་གནད་དོན་གླེང་སློང་གནང་བ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པ་ཡོལ་ཙམ་ལ་བོད་མདོ་སྨད་རྔ་བ་རྨེ
ཕྱོགས་མཚུངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཊིབ་ཆ་བྷོཊ་Steve Chabotམཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེ་རི་ཀོ་ནོ་ལི་Gerry Connolly མཆོག་གཉིས་ཀྱིས་ཁྲིམས་འཆར་དེའི་གལ་གནད་འགྲེལ་བརྗོད་གནང་བ་མ་ཟད། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེ་རི་ཀོ་ནོ་ལི་Gerry Connolly མཆོག་ཕྱི་ལོ་ ༢༠༡༩ ལོ་འགོར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་བའི་མྱོང་ཚོར་སྐོར་གསུངས།
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཁྲིམས་འཆར་དེར་ཉན་ཞིབ་གནང་སྐབས་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་དང་ལས་བྱེད་སྐལ་བཟང་སྒྲོལ་མ་ལགས་ཟུར་ཉན་དུ་ཕེབས་འདུག
ཁྲིམས་འཆར་དེར་དམིགས་ནས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་མའི་ལམ་དང་། བོད་མིའི་སྒྲིག་འཛུགས་སྐོར་སོགས་ཀྱི་ཡིག་ཆ་དང་དཔེ་དེབ་སོགས་གྲོས་ཚོགས་འཐུས་མི་གང་མང་ལ་ཕུལ་ཐབས་གནང་ཡོད། སྤྱིར་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབ་ཡོང་ཐུབ་ཐབས་སླད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་སྒེར་སོགས་ཀྱིས་ཞུ་གཏུག་ལས་འགུལ་རྒྱ་ཆེ་སྤེལ་དང་སྤེལ་མུས་ཡིན་འདུག
ཁྲིམས་འཆར་དེའི་ནང་དོན་གཙོ་གནད་ཁག་གཤམ་གསལ།
: ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་ལམ་སྲོལ་དེ་བོད་མི་ནང་པ་ཚོ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་ལྟར་གཤར་སྐྱོད་དགོས་པ་ལས་སྲིད་གཞུང་ཁག་གིས་ཐེ་བྱུས་མི་ཆོག་པ་ཨ་རིའི་གཞུང་གིས་སྲིད་བྱུས་གཏན་འབེབས་གནང་དགོས་པ།
: མ་འོངས་པར་རྒྱ་རིགས་ལས་བྱེད་སུ་ཞིག་ནས་ཀྱང་རང་འཚམ་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་བསྐོ་གཞག་ཞུ་ཐབས་བྱས་ཚེ་ཨ་རིའི་རྒྱལ་ཁབ་ནང་འཛུལ་ཞུགས་མི་ཆོག་པ་བཟོ་རྒྱུ་དང་། བྱེད་གཏེ་སུ་ཡིན་རུང་དེའི་རྒྱུ་དངོས་ཕྱིའི་རྒྱལ་ཁབ་ལ་ཡོད་ཚེ་དེར་ཨ་རིའི་གཞུང་གིས་དོ་དམ་སྟངས་འཛིན་བྱེད་དགོས། ཨ་རི་ཕྱི་སྲིད་ལས་ཁུངས་ནས་ཀྱང་རྒྱལ་སྤྱིའི་ངོ་བོའི་ཐོག་ནས་བོད་མི་ཚོར་རང་གི་བླ་མའི་ཡང་སྲིད་རང་དབང་ཐོག་ནས་རྩད་གཅོད་ངོས་འཛིན་ཞུ་ཆོག་པ་ལས་སྲིད་གཞུང་སུ་གང་གིས་ཀྱང་དེར་ཐེ་བྱུས་མི་ཆོག་པ་བཟོ་དགོས།
: བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་གསར་འཛུགས་མ་ཐུབ་བར་དུ་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་གསར་འཛུགས་མི་ཆོག་པ་བཟོ་དགོས།
: ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་གཏེན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༠༢ ཞེས་པ་དེར་ཨ་རིའི་གཞུང་གིས་བསྐྱར་ཞིབ་གནང་དགོས་པ།
: རྒྱལ་སྤྱིའི་ཐོག་ནས་གལ་གནད་ཆེ་བའི་བོད་ཀྱི་ཆུ་དང་ཁོར་ཡུག་ཐོག་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་དགོས་པ།
: ཉུང་མཐར་ཡང་གཞིས་བྱེས་བོད་མི་རྣམས་ལ་ཕྱི་ལོ་ ༢༠༢༥ བར་དཔལ་འབྱོར་རོགས་དངུལ་མུ་མཐུད་གནང་རྒྱུའི་ཁྲིམས་ལུགས་གཏན་འབེབས་དགོས་པ།
: ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་ཀྱིས་མང་གཙོའི་སྲིད་གཞུང་ལག་བསྟར་མཛད་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་དགོས་པ་བཅས་ཡིན་འདུག །