༢༠༡༩ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འོད་གསལ་ཆོས་སྐུ་མངོན་དུ་མཛད་དེ་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་ལོ་དྲུག་ཅུ་འཁོར་བའི་དུས་དྲན་དང་བསྟུན་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༥༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ཕོ་བྲང་ནས་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཚོགས་ཡུལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གྱི་འདུ་ཁང་ཆེན་མོར་ཚོགས་མགོན་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིིར་༸ཞབས་སོར་འཁོད་བསྟུན་དབུ་མཛད་ཆེན་མོ་དགེ་བཤེས་གཙུག་ལག་རྒྱ་མཚོ་ལགས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དབུ་སྐུལ་གནང་། དེ་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་བགྲོ་གླེང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། ཝཱ་རཱ་ཎ་སིའི་གཙུག་ལག་སློབ་ཁང་གི་རྒྱ་གཞུང་སློབ་དཔོན་ཆེན་མོ་བགྲེས་པ་འབྲས་བློ་གླིང་གྲྭ་ཚང་གི་དགེ་བཤེས་ཡེ་ཤེས་ཐབས་མཁས་མཆོག་ནས་བགྲོ་གླེང་གཙོ་སྐྱོང་ཞུས་ཏེ། འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ལྷ་རམས་པ་གཉིས་པས་རྩོམ་ཤོག་སྒྲོགས་སྦྱང་དང་དྲི་བ་དྲིས་ལན་གནང་གྲུབ་བསྟུན་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་གནང་བཞིན་ཡོད། དབུ་མའི་ལྟ་བ་ཁུངས་གཏུག་ས་ནི་ཤེར་ཕྱིན་གྱི་མདོ་དེ་དག་ཡིན་པ་རེད། ཤེར་ཕྱིན་གྱི་གཞུང་དེ་དག་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཅས་གཞིའི་གནས་ཚུལ་ནས་ལམ་ཐབས་ཤེས་གཉིས་དང་། འབྲས་བུ་སྐུ་གཉིས་བསྒྲུབ་རྒྱུ་དེ་དག་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བའི་ཐོག་ནས་དོན་བདུན་ཅུ་དེ་དག་གི་ཐོག་ནས་ང་ཚོ་ལས་དང་པོའི་ས་ནས་ཇི་ལྟར་བགྲོད་དགོས་པ་མདོར་ན་ཤེས་རབ་སྙིང་པོའི་ནང་ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་པ་ལྟར་འགྲོ་དགོས། གང་ལྟར་ང་ཚོའི་དམིགས་ཡུལ་ནི་དཔེ་ཆ་བལྟས་ནས་དགེ་བཤེས་བཞག་རྗེས་ཨ་རིར་འཐོན་འགྲོ་རྒྱུ་བཟོ་འདྲ་བོ་མིན་པར། དཔེ་ཆ་བལྟས་པའི་དགོས་དོན་ནི་སོ་སོའི་སྐྱེས་བུ་ཐ་མལ་པའི་བློ་དེ་རིམ་པས་ཡར་བློ་སྦྱངས་ནས་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་བཅས་ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་པ་ལྟར་ང་ཚོའི་མི་ཚེ་དེ་འདྲ་བྱས་ནས་སྐྱེལ་དགོས།
ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་ནའང་ཚེ་འདི་ལ་རྣམ་མཁྱེན་དོན་གཉེར་གྱི་བློ་བཅོས་མ་མིན་པ་དང་། གཞན་དོན་དོན་གཉེར་གྱི་བློ་བཅོས་མ་མིན་པ་ཞིག་གི་ཐོག་ནས་ཚོགས་ལམ་སྐྱེས། དེ་ནས་མུ་མཐུད་སྟོང་ཉིད་ཀྱི་ལྟ་བར་སྦྱངས་ནས་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་བློ་སྐྱེ་ཡོང་དུས་སྦྱོར་ལམ་ཐོབ། དེ་མུ་མཐུད་བསྒོམས་ནས་མཐོང་ལམ་འཐོབ་རྒྱུ། ངོས་ལ་ཞི་གནས་བསྒོམ་རྒྱུའི་དུས་ཚོད་མེད་པ་མ་གཏོགས་ཚེ་འདིར་སྦྱོར་ལམ་འཐོབ་མི་ཡོང་ངམ་སྙམ་པའི་རེ་བ་རྒྱག་གི་ཡོད།
དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་དྲུག་དང་། གཙོ་བོ་རྩ་བ་ཤེས་རབ་ཧ་ལས་པ་རེད། དེའི་བཞེད་དགོངས་ཚུལ་དུ་དབུ་མ་བཞི་བརྒྱ་པས་ཐོག་མར་མི་རྟག་པ་བསྒོམ་རྒྱུས་མཚོན་བྱང་ཆུབ་སེམས་པའི་བསླབ་བྱ་བྱས་ནས་རྩ་བ་ཤེས་རབ་ཀྱི་བཞེད་དགོངས་ལྟ་བུ་རེད་འདུག ཧ་ཅང་གལ་ཆེན་པོ་རེད།
དེ་ནས་སློབ་དཔོན་ལེགས་ལྡན་དང་། སངས་རྒྱས་བསྐྱངས་དེ་དག་ཧ་ལས་པ་རེད། ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་པ་ལྟར་སངས་རྒྱས་བསྐྱངས་ཀྱིས། ངོ་བོ་ཉིད་ཀྱིས་གྲུབ་ན་བརྟེན་ནས་བཏགས་པས་ཅི་བྱ། ཞེས་པའི་ཚིག་འདིས་ཧ་ཅང་སྡོམ་རྒྱག་ཡོང་གི་འདུག དེ་བཞིན་སློབ་དཔོན་ལེགས་ལྡན་ལ་སོགས་པ་དེ་དག་གིས་ཐ་སྙད་དུ་རང་མཚན་ཡོད་མེད་སྐོར་ལ་ད་དུང་དཔྱད་པ་ཡང་ཡང་གནང་ཡོད། མཐར་སྡོམ་ལྟ་བུ་གཅིག་ནི་དཔལ་ལྡན་ཟླ་བ་གྲགས་པས་བསྐྱོན་ནས་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་དང་བཅས་པ། དེ་བཞིན་རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་དབུ་མ་ཚིག་གསལ་བཅས་གཞུང་དེ་དག་མཛད་ཡོད། ང་ཚོས་གཞུང་དེ་དག་རྒྱུན་དུ་ལྟ་དགོས་པ་ཞིག་རེད་འདུག ཐོག་མ་མེད་པ་ནས་དུས་ད་ལྟ་བར་གོམས་བསྡད་པའི་བདག་འཛིན་ཟེར་བ་དེ་དཔེར་ན། ཕྱོགས་སྔ་བདག་འཛིན་བློ་དེར་བཟོད་མི་བདེ་བ་ཡོང་ཡག་ཞིག་ཏན་ཏན་རེད། རྩ་འཇུག་བཞི་གསུམ་འདྲེས་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན། སྣང་ཡང་མི་བདེན་པ་ཟེར་བ་དེ་ཕལ་ཆེར་ཉེས་པ་རྙེད་ཐུབ་རྒྱུ་ཞིག་དང་།
སྣང་བ་སྣ་ཚོགས་ཚོགས་དྲུག་གི་བཞི་མདོ་ན། །གཞི་རྩ་བྲལ་བའི་གཉིས་ཆོས་ཀྱི་ཟ་ཟི་མཐོང་། །བསླུ་བྲིད་སྒྱུ་མའི་ལྟད་མོ་ཞིག་དེ་ན་གདའ། །བདེན་ནོ་མ་སྙམ་སྟོང་ཉིད་ཀྱི་ངོ་བོར་ལྟོས། །ཞེས་གསུང་པ་དེ་འདྲའི་ཐོག་ནས་གང་ལྟར། གོམས་ན་སླ་བར་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན། ཞེས་གསུང་པ་ནང་བཞིན་རེད། གོམས་ན་རིམ་པས་བློ་ལ་འགྱུར་བ་ཐེབས་རྒྱུ་ཞིག་ཏན་ཏན་ཡོད་པ་རེད་འདུག བློ་ལ་འགྱུར་བ་ཐེབས་རྒྱུ་དེ་ཡང་མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་སྟབས། གང་ལ་རྒྱུ་མཚན་དང་ལྡན་པའི་བློ་དེ་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་ཐུབ་པ་དང་། བདེན་འཛིན་ལྟ་བུ་རྒྱུ་མཚན་མེད་པའི་བློ་དེ་གཞི་རྩ་བརྟན་པོ་ཁྱོན་ནས་མེད་པ་ཞིག་ཆགས་ཡོད། དེར་བརྟེན་འགོག་བདེན་ཟེར་བ་ཞིག་ཡོད་ཆོག་པ་བསམ་པ་བློ་ལ་དྲན་རྒྱུ་ཞིག་དང་། མཐར་ཐུག་ངོ་བོ་ཉིད་སྐུ་དང་། བྲལ་བའི་ཡོན་ཏན་དེ་ལྟ་བུ་ཞིག་བློ་ལ་ཡོང་ཆོག་པ་བསམ་པ་ཞིག་བློ་ལ་ཤར་རྒྱུ་ཞིག་འདུག
གང་ལྟར་ཐོས་དོན་སྒྲུབ་ལ་གཞོལ་དགོས་པ་རེད། ཁྱོད་རང་ཚོས་དཔེ་ཆ་རྒྱུན་རིང་བལྟས་པའི་དོན་དག་ནི། ད་ལྟ་བཤད་མ་ཐག་པ་ནང་བཞིན་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་པོ་དྷི་སྭཱཧ། ཞེས་པ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་བཅས་དགོས། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་ནང་ལ་འདུག བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་སྦྱོར་ལམ་པ་རེད་ཅེས་ཡོང་གྲགས་བཤད་མཁན་དེ་ལྟ་བུ་ཡོད་འདུག ང་ཚོ་འདིར་འབྲས་སྤུངས་རེད། དེ་རིང་ཁ་སང་འབྲས་སྤུངས་བློ་གསལ་གླིང་རེད། ཁྱོད་རང་ཚོའི་ནང་དེ་ལ་སྦྱོར་ལམ་ཐོབ་ཡོད་པ་རེད་ཅེས་ཟེར་ནས་མཚན་གཞི་ངོས་འཛིན་རྒྱུ་ད་ལྟ་མེད་ནའང་། རིམ་བཞིན་དེ་ལྟ་བུ་ཡོང་ཐུབ་པ་ཞིག་དགོས། མཁྱེན་སོང་ངམ།
དེ་ལྟར་བྱས་ན་སློབ་གཉེར་བྱས་པའི་དགོས་དོན་ཐོག་མ་ཐོས་བྱུང་གིས་སྒྲོ་འདོག་བཅད་ནས་ཐོས་བྱུང་གི་ཤེས་རབ་སྐྱེས། ཐོས་པའི་དོན་དེ་ལ་ཡང་ནས་ཡང་དུ་བསམ་བློ་བཏང་ནས་ཞེས་གསུངས་པའི་ཕྱིར་ཞེས་ལུང་ཙམ་ལ་སྐྱབས་གནས་བཅོལ་མི་དགོས་པར་སོ་སོ་རང་གིས་བསམ་བློ་བཏང་ནས་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་བློ་ལ་ཤར་ཐུབ་པ་ཞིག་དགོས། དེ་བསམ་བྱུང་གིས་ངེས་པ་རྙེད་པ་ཟེར་བ་དེ་རེད།
བསམ་བྱུང་གི་དོན་ལ་བསམ་བྱུང་གི་ཤེས་རབ་ཀྱིས་ངེས་པ་ཐོབ་པའི་དོན་དེ་ལ་ཞོགས་པ་གཉིད་སད་པ་དང་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། བྱང་ཆུབ་ཀྱི་སེམས་སྒོམ་མཁན་གྱི་བདག་ཅེས་པ་དེ་གང་དུ་འདུག་གམ། བསམ་བློ་གཏོང་ཡོང་སྐབས་རྩ་བ་ནས་མཛུབ་མོ་འཛུགས་ས་མེད་པ་ཆགས་ཡོང་གི་འདུག དེ་ལྟར་ཉིན་རེ་བཞིན་དུ་ང་ཚོས་ལྷ་ཡི་རྣལ་འབྱོར་འདོན་གྱི་ཡོད་པ་རེད་དེ། རྩ་བའི་མ་རྩ་ལྟ་བུ་ནི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེ་ཤོས་ཆགས་ཡོད། ངོས་རང་གིས་ཕལ་ཆེར་ལོ་ལྔ་བཅུ་དྲུག་བཅུ་རིང་ལ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཧ་ཅང་ཨུ་ཚུགས་བརྒྱབ་པ་ཡིན། དེ་ལྟར་བྱས་ཡོང་དུས་རིམ་པས་བློ་ལ་འགྱུར་བ་ཐེབས་རྒྱུ་ཡོད་པ་ཞིག་ཏན་ཏན་འདུག དེར་བརྟེན་ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། དེ་ནས་སྒོམ་བྱུང་དང་། རིམ་བཞིན་སྦྱོར་ལམ་ཐོབ་ཐུབ་པ་ཞིག་ལ་འགྲོ་ཐུབ་པ་ཞིག་དགོས། དེ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་ནས་ས་དང་པོ་ཡེ་ཤེས་ཐོབ། དེ་ནས་ས་གཉིས་པ་གསུམ་པ་ནས་དེ་ལྟར་འགྲོ་བ་ཡོད་པ་ཞིག་དགོས། ང་ཚོས་དཔེ་ཆར་བལྟས་པ་ནི་ལམ་ཁ་འདིའི་དོན་དུ་རེད་མ་གཏོགས་དགེ་བཤེས་མིང་འཇོག་རྒྱུ་གཅིག་པུ་མ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །