ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། ཁེ་ན་ཌའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ལྕམ་སྐུ་Christine Hogarth མཆོག་གིས་བོད་ནང་ཞི་བདེ་བསྐྱར་གསོ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
སྐབས་དེར་ཁོང་གིས་གསུང་དོན། དེ་རིང་ནི་ཁེ་ན་ཌའི་བོད་མི་ཚོས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུ་བཞིན་ཡོད། ངས་དུས་སྐབས་འདི་དང་བསྟུན་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། མགོན་པོ་གང་ཉིད་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་འོག་ནས་བོད་མིའི་རང་དབང་དོན་དུ་ཐུགས་ཁུར་ཆེ་བཞེས་མཛད་བཞིན་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་མགོན་པོ་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ཐག་གཅོད་ཞུ་སྐབས་༸སྐུའི་རླབས་ཆེན་གྱི་མཛད་པ་གཙོ་ཆེར་ནང་པའི་འཚེ་བ་མེད་པའི་ལྟ་གྲུབ་ལ་གཞི་བཅོལ་ནས་ཀུན་ཁྱབ་འགན་ཁུར་དང་། མི་ཙམ་མ་ཟད་སྐྱེ་ལྡན་སྲོག་ཆགས་ཡོངས་ཀྱི་ཚེ་སྲོག་ལའང་གུས་བརྩི་དང་སྲུང་སྐྱོབ་དགོས་པའི་ལམ་སྟོན་མཛད་པ་དེ་དག་ངོས་འཛིན་ཞུས་པ་ཞིག་ཡིན། ཞེས་གསུང་པ་མ་ཟད། ཁེ་ན་ཌའི་བོད་མི་ཚོའི་སྙིང་སྟོབས་དང་ཧུར་བརྩོན་ཆེན་པོས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྒྱུན་འཛིན་གང་ལེགས་ཐོག་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོ་བཞིན་པར་བསྔགས་བརྗོད་རྒྱ་ཆེ་གནང་འདུག
མཐར་ལྕམ་སྐུ་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཞན་ཚོས་ཀྱང་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་གསན་འཇོག་གནང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བསྐྱར་གསོ་ཡོང་སླད་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་འདུག ཕྱོགས་མཚུངས་ཁེ་ན་ཌ་བོད་རིགས་དཀར་པོ་ཆེ་བུ་འཁྲིད་ལ་མཆོག་ལའང་བསྔགས་བརྗོད་རྒྱ་ཆེ་གནང་འདུག་པ་བཅས། །