༢༠༡༩ ཟླ་ ༡༢ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་འབྲས་སྤུངས་བློ་གསལ་གླིང་དུ་༸རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་སྤྱན་འདྲེན་ཞུས་སོང་།
དེ་ཡང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་འདི་གའི་གསར་འགོད་པར་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་ས་གནས་སུ་ཆིབས་སྒྱུར་སྐབས་བརྟན་བཞུགས་ཤིག་གོ་སྒྲིག་ཞུས་ཡོད། བརྟན་བཞུགས་དེ་འབྲས་སྤུངས་བ་ལྷ་མི་ཟུང་སྦྲེལ་གྱི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྟབས། བརྟན་བཞུགས་སྐབས་དགེ་འདུན་པ་དང་མི་མང་རྣམས་ལ་མཇལ་ཁ་ཡོང་ཐབས་མེད། དེར་བརྟེན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ངོས་ནས་དགེ་འདུན་པ་དང་མི་མང་སླད་གོ་སྒྲིག་ཞུ་ཡོད། སྐབས་དེར་སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག གྲྭ་ཚང་གི་མཁན་ཟུར་རྣམ་པ། བླ་སྤུལ་དགེ་བཤེས་རྣམ་པ། འདུས་ཚོགས་དམངས་དང་བཅས་པ་འདིར་ཕེབས་ཡོད། དེ་རིང་སྤྱན་འདྲེན་དང་ལྷན་འདུ་ཁང་དང་ཆོས་ར། གཟིམ་ཆུང་བཅས་ལ་རབ་གནས་གནང་རྒྱུ་རེད།
དེ་རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་པར་ཞབས་རིམ་གང་སྒྲུབ་དགོས་པ་དང་། གཉིས་པ། བོད་དོན་བདེན་མཐའ་གསལ་བར་ཞབས་རིམ་གང་སྒྲུབ་དགོས་པ། གསུམ་པ། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་ཟུར་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་པ་ཡོངས་ལ་ནད་ན་ཚ་མི་ཡོང་བ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་སྒྲུབ་ཐུབ་པའི་ཐོག་ཞབས་རིམ་གང་སྒྲུབ་དགོས་པ། བཞི་པ། རྗེ་བདག་ཉིད་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་རེད།
དུས་དྲན་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་ཡོད། སྐབས་དེར་བར་ཆད་མི་ཡོང་བ་བཅས་དོན་ཚན་བཞི་ཞུས་ཡོད། བཀའ་ལུང་རྒྱས་ཤིང་རྒྱས་པ་ཕེབས་སོང་། བཀའ་ལུང་དེ་དག་བོད་མི་ཡོངས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་སྒྲུབ་ཐུབ་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། མགོན་པོ་གང་ཉིད་མཆོག་དགུང་ལོ་ ༡༡༣ བར་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་ཀྱང་བོད་མི་ཡོངས་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་བོད་དོན་བདེན་མཐའ་གསལ་བར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། དེ་བཞིན་ཆོལ་གསུམ་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས། །