༢༠༡༩ ཟླ་ ༡༢ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རིབ་ཝི་རཱ་ནི་Arif Virani མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོར་དགའ་བསུ་དང་སྦྲགས། མགོན་པོ་གང་ཉིད་ཀྱིས་སྐྱེ་འགྲོ་སྤྱིའི་བདེ་རྩར་སྨན་པའི་རླབས་ཆེན་གྱི་མཛད་བཟང་ལ་བསྔགས་བརྗོད་རྒྱ་ཆེ་ཞུས་འདུག
དེ་ཡང་ཁོང་གིས་གསུང་དོན། དེ་རིང་ནི་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་ཡིན་ཞིང་། ང་རང་ལ་མཚོན་ན། པཀ་ཌེལ་ཧ་ཡི་པག་Parkdale- High Park ས་ཁུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཡིན། ས་གནས་དེར་བྱང་ཨ་རིའི་ནང་གི་བོད་མི་མང་ཤོས་གནས་སྡོད་བྱེད་བཞིན་ཡོད། དེར་བརྟེན་ངས་སེམས་ནང་དགའ་སྤོབས་དང་བཅས་བོད་མི་དེ་དག་གི་ཚབ་ཞུས་ནས་དེ་རིང་གི་ཉིན་མོ་འདིར་འཚམས་འདྲི་ཞུ་བཞིན་ཡོད། ཅེས་གསུངས།
ཕྱོགས་མཚུངས་ཁོང་གིས་ཕྱི་ལོ་ ༢༠༡༨ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་དང་། དེ་འབྲེལ་སེམས་ནང་ཚོར་སྣང་རྗེས་དྲན་ཞུ་དོན། ངས་ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་བཅར་ཞུས་པ་ཡིན། མཇལ་འཕྲད་དེ་སེམས་ནང་དྲན་སྐབས་ཁོང་གི་མཁྱེན་བརྩེའི་ནུས་པ་དང་། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་མིའི་དོན་དུ་སྐུ་ངལ་ཇི་ཙམ་མཛད་བཞིན་པའི་གནས་སྟངས་དེ་དག་ཡིད་ལ་འཁོར་བཞིན་འདུག ཁེ་ན་ཌའི་ཆེ་བསྟོད་མི་སེར་ཡིན་པ་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་པ་དང་སྦྲགས། མགོན་པོ་མཆོག་གིས་རྒྱལ་སྤྱིའི་ཐོག་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་གོང་མཐོར་གཏོང་གནང་མཛད་བཞིན་པའི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་རྒྱ་ཆེ་ཞུས་འདུག་པ་བཅས།།