༢༠༡༡ ཟླ་ ༥ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༠ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་འཐུས་ཚོགས་ཁང་ནང་དུ་སྐབས་བཅོ་ལྔ་པར་འདམས་ཐོན་བྱུང་བའི་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་བར་བརྒལ་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་འདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་ཞུས་ཡོད།
དེ་ཡང་དམ་འབུལ་མཛད་སྒོ་དབུ་འཛུགས་མ་གནང་གོང་ཐོག་མར་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མི་མང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་དུ་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་བར་བརྒལ་སྤྱི་འཐུས་ཚོགས་གཙོའི་མཛད་ཁུར་དམ་འབུལ་ཞུས་ཡོད།
དེ་རྗེས་སྐབས་བཅོ་ལྔ་པའི་བོད་མི་མང་གི་སྤྱི་འཐུས་སུ་འོས་འདེམས་བྱུང་བའི་སྤྱི་འཐུས་རྣམས་ནས་རེ་རེ་བཞིན་བར་བརྒལ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་དྲུང་དུ་དམ་འབུལ་ཞུས་ཡོད། དེ་ཡང་ཐོག་མར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་ཞུས་གྲུབ་མཚམས། ཆོལ་ཁ་གསུམ་དང་བྱང་ཨ་རི། ཡུ་རོབ་བཅས་ཀྱི་སྤྱི་འཐུས་རྣམ་པས་དམ་འབུལ་ཞུས་ཡོད།
དམ་འབུལ་གྱི་མཛད་སྒོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་བཀའ་བློན་རྣམ་པ་ཆེད་ཕེབས་གནང་ཡོད།
གཞན་ཡང་དམ་འབུལ་ལེགས་པར་གྲུབ་མཚམས་བར་བརྒལ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བར་བརྒལ་ཚོགས་གཙོའི་ལས་འགན་གཙོ་བོ་ནི་འདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཀྱི་དམ་འབུལ་ལེན་རྒྱུ་དེ་ཡིན་སྐོར་གསལ་བཤད་གནང་།
མཛད་སྒོའི་མཐའ་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་ཏེ་རེ་ཞིག་སྔ་དྲོའི་དམ་འབུལ་གྱི་མཛད་ལེགས་པར་གྲུབ་ཡོད་པ་བཅས།།