༢༠༡༩ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་གནས་ནང་འཁོད་དོན།
ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་འགེལ་བཀའ་ཁྱབ།
༡ ཁ་མཆུ་ཨང་ ༢༠ པའི་རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༠ པའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པའི་ཐད་བཀའ་དྲུང་ཡིག་ཚང་དུ་གསར་འགོད་པར་གཏམ་བཤད་བྱས་ཡོད་པ་དང་།
༢ རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་གཏམ་བཤད་གང་བྱས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་ཡིག་ཐོག་ཏུ་ཕབ་བཤུས་ཀྱིས། སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༤ འོག་ཁྲིམས་ཆད་ནན་པོ་གནང་སྐྱོང་ཡོང་བའི་སྙན་ཞུ་ ༢༠༡༩།༡༡།༢༠ འཁོད་པ་ཁྲིམས་ཞིབ་ཁང་ལ་ཕུལ་འབྱོར་བྱུང་ཡོད།
༣ ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༢ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བློ་བཟང་གྲགས་པས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པའི་ཐད་གསར་འགོད་པར་གཏམ་བཤད་བྱས་པ་དེ་རིགས་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༥ [ཁ] ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་པ་འགེལ་མ་དགོས་པའི་རྒྱུ་མཚན་བརྗོད་རྒྱུའི་ཆེད་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་ཕྱི་དྲོའི་ཆུ་ཚོད་ ༢་༣༠ སྟེང་ཉན་ཞིབ་བྱ་རྒྱུའི་བརྡ་ཐོ་སྐྱེལ་མཁན་ཆེད་གཏོང་གིས། བོད་མིའི་ཁྲིམས་ལུགས་རིག་པ་བའི་ལས་ཁུངས་ཀྱི་ལས་བྱེད་རིན་ཆེན་བཟང་པོ་ལ་སྤྲད་དེ་འབྱོར་ལན་མིང་རྟགས་བླངས་ཟིན་ནའང་། བློ་བཟང་གྲགས་པ་གོང་གསལ་དུས་བཀག་ཉིན་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ལ་ངོ་བཅར་བྱས་མེད།
༤ ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བློ་བཟང་གྲགས་པར་བརྡ་ཐོ་གཉིས་པ་བཏང་སྟེ། ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་མ་ཞུས་པའི་རྒྱུ་མཚན་ཆབས་ཅིག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ ཉིན་སྔ་དྲོའི་ཆུ་ཚོད་ ༡༠་༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་དང་དྲུང་ལས་གཉིས་ཆེད་བརྫངས་ཀྱིས་ཕྱི་དྲོ་ཆུ་ཚོད་ ༣་༤༥ སྟེང་དོ་བདག་ངོ་མར་བརྡ་ཐོ་གདོང་སྤྲད་ཀྱིས་འབྱོར་ལན་མིང་རྟགས་བླངས་ཡོད་ཀྱང་། བློ་བཟང་གྲགས་པ་གོང་གསལ་དུས་བཀག་ལྟར་ཁྲིམས་ཞིབ་ཁང་དུ་ངོ་བཅར་བྱས་མེད།
༥ རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཇི་ལྟར་བྱས་ཚུལ་གཤམ་གསལ།
ཀ བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཁས་ལེན་དམ་འབུལ་དུ། ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང༌། བཀའ་རྩ། བཀའ་ཁྱབ་བཅས་ཇི་གནང་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བློ་བཟང་གྲགས་པས་རང་ཉིད་ཀྱིས་ཁས་ལེན་མིང་རྟགས་བཀོད་པ་དེར་རྒྱབ་འགལ་དང་། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་བླང་དོར་ལམ་སྟོན་དུ། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དམ་འཛིན་དང་། ཁྲིམས་ཞིབ་ཁང་ནས་བཏང་བའི་བཅད་ཁྲ་དང་། བཀའ་རྩ། བཀའ་ཁྱབ་བཅས་ལ་ཁྲིམས་མཐུན་བརྩི་བཀུར་ངོས་ལེན་ཞུ་དགོས། ཞེས་གསལ་བའི་འབྲུ་དོན་བརྡལ་བཤིག་བཏང་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱས་པའི་བཅད་ཁྲ་ལ་དྲང་བདེན་བྱུང་མེད་ལུགས་དང་། རྒྱུ་འབྲས་དཔང་ལ་བཙུགས་མེད་ལུགས་ཀྱི་སྒྲོ་སྐུར་ཚབས་ཆེན་བྱས་ཡོད་པ་དང་།
ཁ ༡ ཁྲིམས་ཞིབ་ཁང་ནས་ ༢༠༡༩།༧།༩ ཉིན་རྩོད་ལན་པར་ཡིག་ཆ་དང་། དཔང་རྟགས་ལེགས་བཅོས་དགོས་པའི་བརྡ་ཐོ་བཏང་བའི་ནང་། དཔང་རྟགས་ཨང་ ༨ གསང་གནས་དེ་འདི་ནས་ ༢༠༡༨།༡༢།༧ དང་། ༢༠༡༩།༡།༡༤ འཁོད་གནས་སོ་སོར་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་ལ་འགྲེལ་བརྗོད་ཀྱིས་ངོས་འཛིན་ཐག་གཅོད་གནང་ཟིན་པ་ལྟར། གསང་གནས་དེའི་བརྗོད་པ་རྣམས་ཁ་མཆུ་འདི་ལ་འབྲེལ་མེད་ཆགས་ཡོད་པས། སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༣༩ [ག] ཆ་རྐྱེན་འོག་བླང་བྱར་མ་འོས་པའི་ཐག་གཅོད་གནང་སྟེ་ཕྱིར་སློག་བྱས་པ་ཡིན་ན། དཔང་རྟགས་ཐོ་གཞུང་ཁོངས་ནས་ཕྱིར་འཐེན་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད་པ་དང་།
༢ ཁྲིམས་ཞིབ་ཁང་ནས་ ༢༠༡༩།༧།༡༥ ཉིན་རྩོད་ལན་པར་དཔང་རྟགས་བླང་བྱར་མ་འོས་པའི་ཐག་གཅོད་ཀྱི་བརྡ་ཐོ་བཏང་བའི་ནང་། དཔང་རྟགས་ཨང་ ༥ པ་དགའ་ལྡན་ཕོ་བྲང་གི་ཕྱག་བྲིས་ ༢༠༡༦།༥།༦ འཁོད་པ་(སྐུ་ཚབ་དོན་གཅོད་ཁག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ཀྱི་མཚན་གནས་ཕྱིར་བསྡུ་གནང་རྒྱུ་གནས་སྐབས་ངང་འཐེན་གནང་སྐོར་སོགས་ཀྱི་ཕྱག་བྲིས།)དང་། དཔང་རྟགས་ཨང་ ༦ བཀའ་དྲུང་ཡིག་ཚང་གིས་དགའ་ལྡན་ཕོ་བྲང་ལ་(དངོས་གྲུབ་ཚེ་རིང་བྱང་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་རྒྱུར་སྤྱི་མོས་བྱུང་བའི་སྐོར་ནང་གནས་དེ། ཐོག་མའི་ཡིག་དངོས་ཐོ་གཞུང་ཁོངས་སུ་ནང་གནས་ཞེས་བཀོད་ཡོད་པ་དང་། ཕྱིས་སུ་སྤྱིར་བཏང་དཔང་རྟགས་ཁོངས་སུ་བཞག་ཡོད།)ཕུལ་བའི་ཕྱག་བྲིས་ ༢༠༡༧།༡༡།༦ འཁོད་པ་དང་། དགའ་ལྡན་ཕོ་བྲང་གི་བཀའ་ཡིག་ ༢༠༡༧།༡༡།༦ འཁོད་པ་(སྐུ་ཚབ་ཀྱི་མཚན་གནས་བསྩལ་འཐུས་ཀྱི་ནང་གནས་)བཅས་ཁ་མཆུ་འདིའི་གནད་དོན་ལ་འབྲེལ་མེད་ཡིན་སྟབས། གོང་གསལ་དཔང་རྟགས་རྣམས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༣༩ [ཆ] པའི་ཆ་རྐྱེན་འོག་བླང་བྱར་མ་འོས་པའི་ཐག་གཅོད་གནང་སྟེ་ཕྱིར་སློག་བྱས་པ་ཡིན་ན། དཔང་རྟགས་ཐོ་གཞུང་ཁོངས་ནས་ཕྱིར་འཐེན་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད་པ་དེ་དག་ཤེས་རྟོགས་ཡོད་བཞིན་དུ།
༣ གྱོད་ཡ་ཕྱོགས་གཅིག་གི་བརྗོད་པ་བཀོད་པའི་གསང་གནས་ཟེར་བ་དེ་ཁ་མཆུ་ལ་འབྲེལ་མེད་ཆགས་ཡོད་པས། འབྲེལ་མེད་ཀྱི་ཡིག་ཆ་ཞིག་ཁྲིམས་ཞིབ་ཁང་ནས་དཔང་རྟགས་སུ་བླང་བྱར་མི་རུང་བ་ཡིན་པའི་ཁྲིམས་ཡིག་གི་ཆ་རྐྱེན་ལ་སྡིག་པ་མིག་བཙུམ་དང་། ཁྲིམས་ཞིབ་ཁང་ནས་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་གསལ་སྟོན་གནང་ཟིན་པར་ལྟོས་མེད་ཀྱིས། མཐའ་ན་གསང་གནས་ཡན་ཆོད་ནས་རྩིས་མེད་བཏང་ཡ་དང༌། ཞེས་གསང་གནས་ཟེར་བ་དེ་ཚད་ལོངས་ཀྱི་དཔང་རྟགས་ཡིན་ཚུལ་འུར་སྒྲོགས་དང་།
༤ དགའ་ལྡན་ཕོ་བྲང་དང་འབྲེལ་བའི་ཡིག་ཆ་ཕྱིར་སློག་སོང་བ་གོང་གསལ་གཉིས་མ་གཏོགས་མེད་ནའང་། དགའ་ལྡན་ཕོ་བྲང་དང་འབྲེལ་བའི་ཡིག་ཆ་ཆ་ཚང་རྩིས་མེད་བཏང་ཡ་ཞེས་དཔང་རྟགས་ཀྱི་ནུས་ཚད་ལོན་པའི་ཡིག་ཆ་མང་པོ་ཡོད་མདོག་མདོག་ཧམ་རྫུན་བཤད་པ་དང་། ཁྲིམས་ཞིབ་ཁང་ནས་བླང་བྱར་རུང་བའི་འབྲེལ་ཆགས་དཔང་རྟགས་ཚང་མ་རྩིས་མེད་བཏང་བ་ལྟ་བུའི་སྐད་ཆ་ཁ་བསྒྱུར་ནས་ལོག་བཤད་བྱས་ཡོད།
ག ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༡༨།༡༢།༧ ཉིན་རྩོད་ལན་པའི་ཞུ་ལན་ལ་སྣོན་འཕྲི་དགོས་པའི་བརྡ་ཐོ་བཏང་སྟེ། ཞུ་རྩ་དོན་ཚན་ ༡་༢ ནང་། བཀའ་ཤག་ལ་དོན་གཅོད་འཕོ་ལེན་གྱི་སྐུ་དབང་ཡོད་མེད་ཐོག་རྩོད་སློང་བྱེད་ཀྱི་མེད་ཅེས་དང་། ཞུ་ལན་དོན་ཚན་ ༣།༢༠ ནང་། སྐུ་ཚབ་དོན་གཅོད་བསྐོ་གཞག་དང་འཕོ་འགྱུར་གཏོང་རྒྱུ་གཉིས་ཀ་འཛིན་སྐྱོང་གི་ལས་དོན་ཞིག་ཡིན་ཞེས་བཀོད་འདུག་པས། སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཐོག་གྱོད་ཡ་ཕྱོགས་གཉིས་ཀར་མི་མཐུན་པའི་རྩོད་གཞི་མི་འདུག་ཅེས་ངོས་འཛིན་ཐག་གཅོད་དང་སྦྲགས། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༣ པར་འགྲེལ་བརྗོད་གནང་སྟེ། རྩོད་ལན་པའི་ཞུ་ལན་ནང་དེ་འབྲེལ་གྱི་བརྗོད་པ་རྣམས་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༣༣ གཞིར་བཟུང་ཕྱིར་འཐེན་དགོས་པའི་བརྡ་ཐོ་བཏང་བར། རྩོད་ལན་པའི་ ༢༠༡༩།༡།༩ འཁོད་སྙན་དུ་ཁྲིམས་ཞིབ་ཁང་གི་འགྲེལ་བརྗོད་དེ་ལ་རྩོད་ཤགས་བྱས་སྟབས། ཁྲིམས་ཞིབ་ཁང་ནས་ ༢༠༡༩།༡།༡༤ ཉིན་བསྐྱར་དུ་འགྲེལ་བརྗོད་གསེད་བཀྲོལ་གནང་སྟེ། རྩོད་ལན་པའི་ཞུ་ལན་དུ་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༣ པ་འདྲེན་འགོད་བྱས་པ་དེ་དག་ཁ་མཆུ་འདི་དང་འབྲེལ་མེད་ཆགས་ཡོད་པས་ཕྱིར་འཐེན་བྱེད་དགོས་པའི་ཐག་གཅོད་གནང་ཡོད་ནའང་། རྩོད་ལན་པས་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་བརྩི་བཀུར་ཉམས་ལེན་མ་ཞུས་པར། ཞུ་ལན་ནང་མུ་མཐུད་འདྲེན་བཀོད་བྱེད་རྐྱང་བྱས་ཡོད་པ་དང་། མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲའི་ནང་དུའང་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༣ པའི་སྐོར་ལ་ཕྱོགས་བསྡོམས་ཀྱི་འགྲེལ་བརྗོད་(ཤོག་གྲངས་ ༡༠༡༥) གནང་ཡོད་པ་བཅས་ཀྱི་རིམ་པ་རྣམས་བློ་ངེས་སེམས་གསལ་ཡིན་བཞིན་དུ། ད་དུང་། ཞུ་ལན་ནང་ལོགས་ལ་དགའ་ལྡན་ཕོ་བྲང་དང་། ཡང་ན་དོན་གཅོད་འཕོ་འགྱུར་གྱི་སྒྲིག་ཁྲིམས་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་གསུམ་པ་གཞིར་བཞག་གི་བརྒྱུད་རིམ་དང་དེ་གའི་ཁྲིམས་དོན་དང་འབྲེལ་བའི་ཡོངས་སུ་རྫོགས་པ་ཕྱིར་འཐེན་བྱེད་བཅུག་པ་ཞེས་དཀར་ནག་གོ་ལྡོག་གིས་འགྲེལ་ལོག་བྱས་པ་དང་།
ང ཞུ་སྦྱོར་བས་རྩོད་ལན་པའི་དཔང་པོ་ཤར་གླིང་ཟླ་སྒྲོན་དང་། དཔང་པོ་གཞན་གསུམ་ཕན་མེད་བཟོ་གནང་ཡོང་བའི་སྙན་ཞུ་འབྱོར་དོན་ལྟར། ཁྲིམས་ཞིབ་ཁང་ནས་རྩོད་ལན་པར་ཡིག་ཐོག་ནས་དགག་ལན་བྱེད་དུ་བཅུག་ཐོག དཔང་རྟགས་ཁྲིམས་ཡིག་དོན་ཚན་ ༡༥ གཞིར་བཟུང་གྱོད་ཡ་ཕྱོགས་གཉིས་ཀར་དཔང་པོ་ཕན་མེད་བཟོ་དགོས་མིན་ཐོག་རྩོད་བཤད་ཀྱི་གོ་སྐབས་སྤྲད་དེ། ཞུ་སྦྱོར་བས་དཔང་རྟགས་ཁྲིམས་ཡིག་དོན་ཚན་ ༡༥ དང་། ༡༦ དང་། ༣༠ གཞིར་བཟུང་རྩོད་ལན་པའི་དཔང་པོ་ཤར་གླིང་ཟླ་སྒྲོན་དཔང་པོར་འཕེར་ཚད་མི་ལྡན་པའི་སྒྲུབ་བྱེད་དཔང་རྟགས་འདོན་འབུལ་བྱས་པར། རྩོད་ལན་པས་དགག་ལན་སྒྲུབ་བྱེད་དཔང་རྟགས་གང་ཡང་འདོན་ཐུབ་མེད་སྟབས། ཁྲིམས་ཞིབ་ཁང་ནས་ཁྲིམས་ཡིག་གཞིར་བཟུང་དཔང་པོར་མ་འོས་པའི་ཐག་གཅོད་བྱས་པ་ཞིག་ལ། བློ་བཟང་གྲགས་པས་ཁྲིམས་ཞིབ་ཁང་གི་ཐག་གཅོད་རྫུན་བཟོས་ཀྱིས། ང་ཚོའི་དཔང་པོ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ཁུངས་སྐྱེལ་ཐུབ་མི་འདུག་ཅེས་དེ་རིང་བཅད་ཁྲ་ནང་ལ་གསལ་འདུག་ཅེས་གཟུགས་མེད་གྲིབ་བཟོ་དང་། ཤར་གླིང་ཟླ་སྒྲོན་གྱིས་སོ་སོའི་བཟའ་ཚང་དང་ཕ་མ་ཁྲིད་ནས་ཡོང་ཕོད་པའི་གདེང་ཚོད་ཡོད་པ་ཙམ་གྱིས་དཔང་པོའི་འཕེར་ཚད་ལྡན་པ་དང་། དཔང་པོར་མ་འོས་པའི་ཐག་གཅོད་བྱེད་མི་ཆོག་པ་ལྟ་བུའི་ཁྲིམས་ཡིག་གི་ཆ་རྐྱེན་རྟོག་བཟོ་བྱས་པ།
ཅ སྤྱིར་བཏང་དཔང་པོ་འབོད་འགུགས་ཀྱི་འགན་ཁུར་གྱོད་ཡ་ལ་ཡོད་པ་དང་། བུད་མེད་ལས་བྱེད་གཉིས་རྩོད་ལན་པ་རང་ཉིད་ཀྱི་དབང་ཤུགས་འོག་ཏུ་ཡོད་མུས་ཡིན་པ་གང་ཞིག རྩོད་ལན་པས་བུད་མེད་དེ་གཉིས་འབོད་ཁྲིད་ཐུབ་ཀྱི་མེད་ཚེ། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༤༢ [ཀ] ༢) ལྟར་ཁྲིམས་ཞིབ་ཁང་ནས་འབོད་འགུགས་ཀྱི་བརྡ་ཐོ་གཏོང་གནང་ཡོང་བའི་རེ་སྐུལ་ཞུ་དགོས་པའི་ཁྲིམས་ཡིག་གི་རྒྱུན་ལྡན་འགྲོ་སྟངས་ཡོད་པ་དེ་རིགས་རྩོད་ལན་པས་ངོས་ནས་གང་ཡང་བྱེད་ཐུབ་མེད་པ་དང་།
ཁྲིམས་ཞིབ་ཁང་ནས་བོད་ཀྱི་ཐེབས་རྩ་དང་། བོད་ཀྱི་ཐེབས་རྩའི་འགན་འཛིན། རྩིས་ཞིབ་ཁང་བཅས་ལ་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༤༠ [ག] གཞིར་བཟུང་གནད་དོན་གཏན་འབེབས་ཀྱི་ཆེད་དུ་ཡིག་ཆ་འདོན་འབུལ་དགོས་པའི་བཀའ་ཁྱབ་བཏང་བ་དང་། ཞིབ་གཅོད་ཀྱི་སྐབས་སུ་བུད་མེད་དེ་གཉིས་དཔང་པོར་འབོད་འགུགས་ཀྱི་བརྡ་ཐོ་གཏོང་རྒྱུ་གཉིས་ལ་ཁྲིམས་ཡིག་གི་བྱ་རིམ་ཐོག་ནས་མཚུངས་ཆོས་གང་ཡང་མེད་པ་ཤེས་བཞིན་དུ།
ཤར་གླིང་ཟླ་སྒྲོན་དཔང་པོ་ཡིན་པའི་སྐབས་དེ་དུས་ཤར་གླིང་ཟླ་སྒྲོན་དང་མཉམ་དུ་བུད་མེད་གཉིས་ཡོད་ཅེས་གསལ་བོ་གསུངས་ཚར་བ་རེད། བུད་མེད་གཉིས་ལ་བཀའ་འདྲི་ཙམ་ཡང་གནང་མི་འདུག བཀའ་འདྲི་གནང་སྲོལ་མེད་པ་རེད་དམ་ལབ་ན་མ་རེད། དེ་ལུགས་ཀྱི་བོད་ཀྱི་ཐེབས་རྩ་དང༌། བོད་ཀྱི་ཐེབས་རྩའི་འགན་འཛིན་དང་ཡོངས་སུ་རྫོགས་པ་ལ་ཡི་གེ་བཏང་ནས་ག་ས་ག་ལ་བཀའ་འདྲི་གནང་ཡོད་རེད། རྩིས་ཞིབ་ཁང་ལ་བཀའ་འདྲི་གནང་ཡོད་རེད། གང་ལྟར་དེ་དང་འབྲེལ་བ་ཡོད་པ་ཚང་མ་ལ་དོགས་འདྲི་གནང་ཡོད་རེད། ཕྱག་བྲིས་ཕེབས་ཡོད་རེད། བཀོད་ཁྱབ་ཕེབས་ཡོད་རེད། ཡིན་ན་ཡང་དཔང་པོ་དེ་གཉིས་ལ་རྩ་བ་ཉིད་ནས་བཀའ་འདྲི་ཙམ་ཡང་མ་གནང་ཞེས་རྩོད་ལན་པས་ཁྲིམས་ཡིག་གིས་བསྐུར་བའི་དཔང་པོ་འབོད་ཁྲིད་ཀྱི་འགན་ཁུར་མ་བླངས་པ་དེ། ད་དུང་དཔང་པོ་དེ་གཉིས་ལ་རྩ་བ་ཉིད་ནས་བཀའ་འདྲི་ཙམ་ཡང་མ་གནང་ཞེས་ཁྲིམས་ཞིབ་ཁང་ལ་ངན་ཁག་དཀྲི་གཡོགས་བྱས་པ་དང་།
ཆ རྩོད་ལན་པའི་ངོས་ནས་ཁྲིམས་ཞིབ་ཁང་ལ་ཞུ་སྦྱོར་བའི་དཔང་པོ་ཕན་མེད་བཟོ་དགོས་པའི་རེ་འདུན་གང་ཡང་ཞུས་མེད་པ་དང་། རྩོད་ལན་པའི་ངོས་ནས་ཁྲིམས་ཡིག་གཞིར་བཟུང་རེ་སྐུལ་མ་ཞུས་པར་དཔང་པོ་ཕན་མེད་བཟོ་ཆོག་པའི་ཁྲིམས་ཡིག་གི་ཆ་རྐྱེན་མེད་པ་ཤེས་བཞིན་དུ། ཞུ་སྦྱོར་བའི་དཔང་པོས་ག་རེ་གནང་ཡོད་པ། གནང་སྟངས་ག་འདྲ་ཡིན་པ། བཀའ་མོལ་གསུང་སྟངས་ག་འདྲ་ཡིན་པ་རྣམ་པ་ཚང་མ་ཁྲིམས་ཞིབ་ཁང་ནང་ལ་སྐབས་དེ་དུས་བཞུགས་ཡོད་རེད། མི་ལྐུགས་པ་ཞིག་མིན་ན་ཡིད་ཆེས་བྱེད་མི་ཕོད་པའི་མི་ཞིག་སླེབས་པ་རེད། ཡིན་ནའང་དེ་ལུགས་ཆ་འཛིན་བྱས་འདུག ཅེས་ཁྲིམས་ཞིབ་པ་རྣམ་པ་མི་ལྐུགས་པ་ཡིན་ཚུལ་ཟུར་ཟ་བྱས་པ།
ཇ ཁྲིམས་ཞིབ་ཁང་ནས་རྩོད་ལན་པའི་ཁྲིམས་ཀྱི་ཐོབ་ཐང་འཕྲོག་པ་གང་ཡང་མེད་ནའང་། ད་ལྟའི་ཁ་མཆུ་འདིའི་ཐག་གཅོད་དེ་མི་གཅིག་དམག་སར་བཏང་ན་མེ་མདའ་འཕྲོག ལག་ཆ་འཕྲོག རྐང་པ་བཅད། ལག་པ་གཏུབས་ནས་བཏང་བཞག་པ་ཞིག་དང་ཁྱད་པར་མི་འདུག་བསམ་པའི་ཚོར་བ་ཞིག་དེ་རིང་བཅད་ཁྲ་འདི་བརྒྱུད་ནས་ང་རང་ལ་ཚོར་བ་དེ་སླེབས་སོང་ཞེས་དེ་ངས་གསལ་པོ་ཞུ་ཡ་ཡིན། ཞེས་དཔེ་མཚོན་འཇིགས་སུ་རུང་བ་བཀོད་དེ་ཁ་མཆུ་འདིའི་ཐག་གཅོད་བྱ་རིམ་ལ་གཞི་རྩ་མེད་པའི་སྒྲོ་སྐུར་ངན་དམོད་བྱས་པ།
ཉ ཁྲིམས་ཞིབ་པ་རྒན་པ་མཆོག་སང་ཉིན་འཁྱུར་འགྲོ་གི་ཡོད་རེད། དེ་འདྲ་ཡིན་དུས་སང་ཉིན་འཁྱུར་ཡ་གི་དུས་ཚོད་ལ་དེ་རིང་བཅད་ཁྲ་ཐག་བཅད་ཡོང་དུས། གནང་སྟངས་དེ་གནང་ཡོང་དུས། ང་ཚོས་ངོས་ནས་ཡིན་ན་ཡང་ག་རེ་བྱེད་དགོས་ཆ་མི་འཚལ་བ་ཞིག་རེད། ཅེས་ཁྲིམས་ཞིབ་པ་ཆེ་བའི་དབང་ཆ་ལ་ཐད་ཀར་དོགས་སློང་དང་། ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་གསར་འགྱུར་བརྒྱུད་ལམ་བརྒྱུད་སྤྱི་ཚོགས་ནང་རྩོད་སློང་ཆེད་བཟོ་བྱས་པ།
ཏ དེ་རིང་གི་བརྒྱུད་རིམ་འདི་ཡོངས་སུ་རྫོགས་པ་དེ་ཁྲིམས་རྩོད་པའི་ངོ་བོའི་ཐོག་ནས་ཞུས་ན། དྲང་བདེན་རྩ་བ་ཉིད་ནས་བྱུང་མ་སོང་ཞེས་བློ་ཐག་ཆོད་པོའི་སྒོ་ནས་ཞུ་ཡ་ཡིན། རྒྱ་ཆེའི་མང་ཚོགས་ལའང་དེ་ལུགས་ཞུ་ཡ་ཡིན། ཞེས་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་དང་། ཁྲིམས་ཞིབ་པའི་དབང་ཆ་བཅས་ལ་ཁྱད་གསོད་ཀྱི་གཏམ་སྤྱོད་ཚབས་ཆེན་སྤེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་ལ་དོ་ཕོག་གནོད་སྐྱོན་བཏང་ཡོད་པ་དང་།
ཐ ཁྲིམས་ཞིབ་ཁང་ནས་བཅོས་གསོའི་ཆད་འགེལ་བྱེད་མ་དགོས་པའི་རྒྱུ་མཚན་གསལ་བཤད་ཀྱི་གོ་སྐབས་སྤྲད་པའི་བརྡ་ཐོ་སྔ་རྗེས་ལ་བརྩི་མེད་རྡོག་རོལ་བཏང་བ་བཅས་ལ་བརྟེན།
༦ ཁ་མཆུ་ཨང་ ༢༠ པའི་རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་གནས་དུས་ཚོད་རྩིས་ཀྱིས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་འདིའི་བྱ་རིམ་ལག་བསྟར་སྐབས་སུ། རྩོད་ལན་པའི་ངོས་ནས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཆགས་གཞིའི་བྱེད་སྟངས་མང་དག་ཅིག་ལ་བློ་དཀྱེལ་ཡངས་པོའི་ཐོག་ནས་བཟོད་བསྲན་གུ་བཤངས་དང་། ལས་དང་པོ་བ་ལག་ཁྲིད་ལྟར་ཁྲིམས་ཡིག་གི་བྱ་རིམ་ཁག་ངང་རིང་གིས་ལམ་སྟོན་གསེད་བཀྲོལ་རིམ་བསྟུད་གནང་རིགས་བཅད་ཁྲའི་ནང་དུའང་མངོན་གསལ་ཡོད་པ་ལ་བཀའ་དྲིན་བསམ་ཤེས་ལས་ལྡོག་སྟེ། ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་མི་རུང་བའི་ཁྲིམས་ཡིག་གི་བཀག་རྒྱ་གཏོར་བཤིག་དང་། ཁྲིམས་རྩོད་པའི་ཆེད་ལས་བཟང་སྤྱོད་ཡལ་བར་དོར་ཏེ། བཅའ་ཁྲིམས་ཀྱིས་བསྐུར་བའི་ཡུལ་མིའི་ལས་འགན་རྒྱབ་ཏུ་བསྐྱུར། སྤྱི་ཚོགས་ནང་དཀྲོགས་རྐྱེན་བཟོ་མི་རུང་བའི་འཇིག་རྟེན་ཡ་རབས་ལ་ལྟོས་མེད་བཅས་ཀྱིས། མངོན་སུམ་འཛེམས་མེད་ཐོག ཁྲིམས་ཞིབ་ཁང་གི་ཐག་གཅོད་བཅད་ཁྲ་ལ་གཞི་མེད་དམའ་འབེབས་དང་། རང་སྣང་ཚད་མར་བཟུང་སྟེ་ཁྲིམས་ཞིབ་ཁང་གི་ཐག་གཅོད་བྱ་རིམ་ལ་འཕྱ་དམོད་སྒྲོ་འདོགས་དང་། གཟུགས་མེད་གྲིབ་བཟོ། དཀར་ནག་གོ་ལྡོག་གིས་ངན་དམོད་བྱེད་པ། རང་ཉིད་ཀྱིས་ཁྲིམས་ཡིག་ལྟར་གྱི་འགན་ཁུར་ལེན་མ་ཐུབ་པའམ། མ་བླངས་པའི་གྱོང་གུན་གྱི་ངན་ཁག་ཁྲིམས་ཞིབ་ཁང་ལ་འགེལ་དཀྲི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་ཡིག་ཁག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་བའི་འགན་དབང་ལ་དོགས་སློང་། མི་བདེན་རྫུན་བསྒྲིགས་དང་ར་མགོ་ལུག་སྦྱར་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆེ་མཐོང་ཉམས་དམས་བཟོ་གཞིའི་གཏམ་འཆལ་ཧམ་བཤད། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་ལ་དོ་ཕོག་གནོད་སྐྱོན་བཏང་སྟེ། ཡ་ང་བག་ཚ་མེད་པར་སྤྱི་ཚོགས་ནང་དཀྲོགས་རྐྱེན་སློང་གཞིར་འགྲེམས་སྒྲོགས་བྱས་པ་བཅས་ཀྱི་ནོར་འཁྲུལ་དེ་རིགས་ཡན་པོར་འཇོག་ཐབས་མེད་པས།
ཀ རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་རྩོད་པའི་ཆེད་ལས་བཟང་སྤྱོད་བོར་བ་དང་། ཁྲིམས་རྩོད་པའི་བླང་དོར་ཞུ་སྒོར་རྒྱབ་འགལ་བྱས་པའི་བཅོས་གསོར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྲད་པའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལག་ཁྱེར་ནུས་མེད་དུ་བཏང་སྟེ། བཀའ་ཁྱབ་འདི་བཏང་ཉིན་ནས་བཟུང་བློ་བཟང་གྲགས་པས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གང་དུའང་ཁྲིམས་རྩོད་པའི་ལས་འགན་ལེན་མི་ཆོག་པའི་ཆད་འགེལ་ཐག་གཅོད་བྱས་པ་དང་།
ཁ རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་སྒལ་རལ་བཙོང་ནས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཚབས་ཆེན་བྱས་པའི་བཅོས་གསོར།
༡ བློ་བཟང་གྲགས་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་མཁན་ཡིན་པའི་གསལ་བསྒྲགས་བྱས་པ་དང་།
༢ བློ་བཟང་གྲགས་པས་བཀའ་ཁྱབ་འདི་བཏང་ཚེས་ནས་ཉིན་གྲངས་བཅོ་ལྔ་ནང་ཚུན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་གཙོ་དང་། ༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་བཤགས་སྡོམ་མཇལ་དར་དང་། བརྒྱ་མཆོད་འབུལ་དགོས་ཀྱི་ཆད་འགེལ་བྱས་པའི་བཀའ་ཁྱབ་ཏུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ ལ། །