༢༠༡༩ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་གཟབ་རྒྱས་ངང་སྐོང་ཚོགས་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་གསུང་དོན། འཕགས་པ་སྤྱན་རས་གཟིགས་དང་བོད་བྲལ་ཐབས་མེད་ཅིང་། ༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་དང་བོད་མིའི་དབར་གྱི་བྲལ་བ་དེའང་བྲལ་ཐབས་མེད་པ་ཞིག་རེད། དེེར་བརྟེན་དམིགས་བསལ་ཚོགས་ཆེན་སྐབས་འབྱུང་འགྱུར་༸རྒྱལ་བའི་ཡང་སྲིད་མུ་མཐུད་ཕེབས་དགོས་པ་སྤྱི་མོས་གྲོས་ཆོད་བཞག་ཡོད། བོད་ཀྱི་ལོ་རྒྱུས་དང་བོད་མིའི་འཐབ་རྩོད་ཁྲོད་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད།
ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གཞུང་གིས་ཡིག་ཆ་ཨང་ ༥ ཟེར་བ་ཞིག་གསལ་བསྒྲགས་བྱས་པ་རེད། བླ་སྤྲུལ་ངོས་འཛིན་བྱེད་སྟངས་ཐོག་ལ་རྒྱ་ནག་གཞུང་གི་ལམ་སྟོན་ལྟར་ལག་བསྟར་བྱས་པ་རེད། སྤྱིར་སྲོལ་རྒྱུན་ལྟར་བྱས་ན་བླ་སྤྲུལ་ངོས་འཛིན་གནང་སྟངས་དེ་བོད་བརྒྱུད་ནང་བསྟེན་གྱི་ཐུན་མིན་བཞེས་སྲོལ་ཞིག་རེད། འོན་ཀྱང་ད་ཆ་རྒྱ་ནག་གཞུང་གི་གཡོ་བྱུས་འོག ༢༠༠༧ ལོར་ཡིག་ཆ་ཨང་ ༥ ཟེར་བ་དེའི་ནང་བླ་སྤྲུལ་ཡང་སྲིད་ཀྱི་མཐའ་མའི་ཐག་གཅོད་དེ་རྒྱ་ནག་གུང་བྲན་ཏང་གིས་བྱ་རྒྱུ་ཡིན་ཟེར་བ་ལྟར་ཐོག་མར་བླ་སྤྲུལ་གྲངས་ ༣༠༠ གཞུང་གིས་ངོས་འཛིན་བྱས་པ་རེད། དེ་རྗེས་ཕྱི་ལོ་ ༢༠༡༦ ལོར་བླ་སྤྲུལ་ ༨༠༠ ངོས་འཛིན་བྱས་པ་རེད། ཉེ་ལམ་གནས་ཚུལ་གོ་ཐོས་བྱུང་བ་ལྟར་ན་བླ་སྤྲུལ་ ༡༣༠༠ ཙམ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་ཡོད་ཟེར་ནས་འགྲོ་བཞིན་ཡོད། དེ་དག་ལོ་རྒྱུས་དང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་འགལ་ཟླ་ཡོད་པ་དང་། ཆོས་ཕྱོགས་ཐོག་ནས་ཀྱང་མ་འགྲིག་པའི་ལམ་ལུགས་གཅིག་ལག་བསྟར་བྱས་ནས་འགྲོ་བཞིན་ཡོད། རྒྱལ་སྤྱིའི་ཆོས་དད་རང་དབང་དང་འགལ་བ་མ་ཟད། སྲོལ་རྒྱུན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གཙད་གཅོད་ལམ་སྲོལ་དང་ཡང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད། བླ་སྤྲུལ་གཙད་གཅོད་ཀྱི་ལམ་ལུགས་དེ་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་ལམ་སྲོལ་ཞིག་ཡིན་སྟབས་བླ་སྤྲུལ་གཙད་གཅོད་ཞུ་རྒྱུའི་བདག་ཐོབ་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁོ་ནར་ཡོད་པ་རེད། དེར་བརྟེན་དམིགས་བསལ་ཚོགས་ཆེན་སྐབས་སུའང་བརྡ་ལན་གསལ་པོར་བཏང་ཡོད་པ་རེད།
ལྷག་པར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གཙད་གཅོད་ཞུ་རྒྱུའི་བདག་དབང་དེ་རྒྱ་ནག་ཆོས་མེད་སྨྲ་བ་གུང་བྲན་རིང་ལུགས་ལ་ཡོད་པ་ཁྲིམས་མཐུན་གྱི་བདག་དབང་ཐོབ་ཐབས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལའང་དངོས་ཤུགས་ཅི་རིགས་བརྒྱུད་༸རྒྱལ་བའི་ཡང་སྲིད་ལ་ཐེ་བྱུས་བྱས་ཚེ་འགྲིག་ཐབས་རྩ་བ་ནས་མེད་པའི་ཉེན་བརྡའང་ཐེངས་མང་བཏང་མྱོང་ཡོད། རྒྱ་ནག་གཞུང་འབྲེལ་ཐོག་ནས་ཉེ་ལམ་རྒྱ་གར་གྱི་གསར་འགོད་པ་དགུ་བོད་དུ་ཆེད་མངགས་ལྟ་སྐོར་དུ་མགྲོན་འབོད་བྱས་ནས་རྒྱས་སྤྲོད་ཆེ་བའི་སྣེ་ལེན་ཕུན་སུམ་ཚོགས་པ་ཞུས་འབྲས་སུ་རྒྱ་གར་གྱི་གསར་འགོད་པ་དེ་དག་ཕྱིས་སུ་རང་ཡུལ་དུ་འབྱོར་མཚམས་འབྲེལ་ཡོད་གསར་ཤོག་ནང་འབྱུང་འགྱུར་ཏཱ་ལའི་བླ་མ་༸སྐུ་ཕྲེང་ ༡༤ ཡང་སྲིད་དེ་རྒྱ་ནག་གཞུང་གིས་ཐག་གཅོད་ཞུ་རྒྱུ་ལས་དེའི་ཐད་རྒྱ་གར་གཞུང་གིས་ཐེ་བྱུས་བྱས་ཚེ་འགྲིག་ཐབས་མེད་སྐོར་སོགས་འཆལ་གཏམ་སྣ་ཚོགས་ཤིག་སྤེལ་བ་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག