༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བོད་ལུགས་བླ་སྨན་པ་ཟུར་པ་དང་། རྒྱ་གར་གཞུང་གི་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་པདྨ་ཤྲི་ Padma Shri བཞེས་མཁན་དགུང་གྲངས་ ༩༢ ལ་ཕེབས་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར་སྔ་དྲོ་ཚོུད་ ༢༌༥༣ ཐོག་སྐུ་ཚེའི་འཕེན་པ་རྗོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་འགོ་ལས་ཡོངས་ནས་དམ་པ་ཁོང་ཉིད་ཀྱི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་དང་ཡིད་སྐྱོའི་གནས་ཚུལ་དེར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།
དམ་པ་དེ་ཉིད་ཕྱི་ལོ་ ༡༩༢༧ ཟླ་ ༥ ཚེས་ ༡༥ ཉིན་བོད་ལྷོ་ཁར་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བཙན་བྱོལ་དུ་བཞུགས་སྒར་རྡ་སར་བོད་གཞུང་སྨན་རྩིས་ཁང་ཐོག་མར་གསར་འཛུགས་མཛད་སྐབས་ནས་འགན་འཁུར་བཞེས་མཁན་གཙོ་གྲས་ཤིག་ཡིན་པ་དང་། ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༨༠ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་པའི་ཞབས་ཞུ་བསྒྲུབས་ཡོད་པ་དང་། མདོར་ན་ཁོང་ནས་ད་བར་བོད་ཀྱི་གསོ་བ་རིག་པ་དར་སྤེལ་ཐོག་གཟེངས་སུ་ཐོན་པའི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད། དགུང་གྲངས་ ༩༠ ལ་རྒྱ་གར་གཞུང་གི་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་པདྨ་ཤྲི་ Padma Shri བཞེས་གནང་མཛད་མཁན་ཡིན་པ། དམ་པ་གང་ཉིད་ཀྱིས་ལས་རྒྱུན་རིང་བོད་སྤྱི་དང་ལྷག་པར་དུ་གསོ་རིག་བསྟན་པར་ཞབས་ཞུ་མཐར་སོན་གནང་ཡོད་པ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་བཅས།།