ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པ་དང་། ཨིན་ཡུལ་བོད་ཁང་ཐེབས་རྩ། དེ་བཞིན་ཁེ་ན་ཌ་མོན་ཁྲི་ཡལ་དུ་རྟེན་གཞི་བྱས་པའི་བོད་པའི་གསར་གཏོད་ཚོགས་པ་བཅས་མཉམ་འབྲེལ་གྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་ཡོད་པའི་བོད་མི་གཞོན་སྐྱེས་ཚོར་ཡོང་འབབ་བསྐྲུན་ཐབས་ཀྱི་ལས་ཀའི་གོ་སྐབས་གཞི་རྒྱ་ཆེ་བའི་ལས་གཞི་འགོ་འཛུགས་ལྟར། དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༥ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཧིན་སྒོར་བྱེ་བ་གཅིག་གི་ཚོང་གཉེར་འགྲན་བསྡུར་ཆེན་མོའི་མཐའ་མའི་རྒྱལ་ཁ་ཐོབ་མཁན་གསལ་བསྒྲགས་གནང་བའི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚུ་ཚོད་ ༡༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ཨིན་ཡུལ་དོན་གཅོད་ཟུར་པ་དང་བོད་ཀྱི་གསར་གཏོད་ཚོགས་པའི་འགན་འཛིན་ཐུབ་བསྟན་བསམ་གྲུབ་ལགས། དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས། དཔལ་འབྱོར་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པའི་འབྲེལ་ཡོད་ལས་བྱེད་རྣམ་པ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༥ ཙམ་ཚང་འཛོམས་ཀྱིས་ཐོག་མར་བོད་ཀྱི་གསར་གཏོད་ཚོགས་པའི་འགན་འཛིན་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་ལས་འཆར་བྱུང་རིམ་ཐོག་གསུང་དོན།
ཕྱི་ལོ་ ༢༠༠༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌའི་གྲོང་ཁྱེར་མོན་ཁྲི་ཡལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས། གོ་སྒྲིག་ཚོགས་མི་རྣམས་ཀྱིས་སྐབས་དེའི་དཔལ་འབྱོར་གྱི་ཁེ་ཕན་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་ལ་གཏོང་རྒྱུའི་སྤྱི་མོས་ཐག་གཅོད་བྱུང་བ་དང་། ཆིབས་སྒྱུར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཁག་གི་བོད་མི་གཞོན་སྐྱེས་རྣམས་ཕྱིའི་རྒྱལ་ཁབ་སོགས་སུ་ཐོན་ནས་གཞིས་ཆགས་ཁག་རྒྱུན་གནས་དང་། རིག་གཞུང་རྒྱུན་འཛིན་ཐུབ་རྒྱུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་འཐེབ་བཞིན་པའི་བཀའ་སློབ་ཕེབས་པར་བརྟེན། སྐབས་དེར་བྱུང་བའི་དཔལ་འབྱོར་གྱི་ཁེ་ཕན་རྣམས་མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་གཞིར་བཟུང་གཞིས་ཆགས་རྒྱུན་གནས་དང་འབྲེལ་བའི་ལས་འཆར་ཐོག་གཏོང་རྒྱུར་མོས་མཐུན་བྱུང་བ་ཞིག་ཡིན་སྐོར་སོགས་གསུངས།
དེ་ཡང་ཐོག་མའི་ཚོང་གཉེར་འགྲན་བསྡུར་ཆེན་མོའི་ནང་མི་གྲངས་ ༤༣ མཉམ་ཞུགས་ཀྱིས་འདེམས་སྒྲུག་བརྒྱུད་རིམ་ནང་ཚོགས་ཆུང་ཁག་གསུམ་བསྐོ་གཞག་དང་། ཚོགས་ཆུང་དང་པོས་འཚང་སྙན་ཞིབ་འཇུག་ཞུས། ཚོགས་ཆུང་གཉིས་པའི་མཐའ་མའི་ཚོང་ལས་བཅུ་འདེམས་སྒྲུག་གནང་། མཐའ་མའི་འདེམས་སྒྲུག་ཚོགས་ཆུང་ནས་ཚོང་ལས་པ་སོ་སོ་འཆར་གཞི་སྤྱན་བསྟར་ཞུས་པ་དེར་གཞི་བཅོལ་ནས་ཚོང་པ་སྐལ་ལྡན་ཆོས་འཕེལ་ལགས་དང་། ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱིས་གཉེར་བཞིན་པའི་པདྨ་རྒྱན་ཆ་ཚོང་ལས་ Padma Jewels ལ་ཧིན་སྒོར་བྱེ་བ་གཅིག་སྤྲོད་རྒྱུའི་ཐག་གཅོད་གནང་ཡོད། ཅེས་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པ་དང་། ཨིན་ཡུལ་བོད་ཁང་ཐེབས་རྩ། དེ་བཞིན་ཁེ་ན་ཌ་མོན་ཁྲི་ཡལ་དུ་རྟེན་གཞི་བྱས་པའི་བོད་པའི་གསར་གཏོད་ཚོགས་པ་བཅས་ཀྱི་ལས་གཞིར་མཉམ་ཞུགས་གནང་མཁན་མི་གྲངས་ ༤༣ རྣམས་ལ་བཀའ་ཤག་གི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གོང་དུ་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་ལས་འཆར་བྱུང་རིམ་ངོ་སྤྲོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་ནི། རང་ཁ་རང་གསོ་ཞེས་བཤད་ཀྱི་ཡོད་སྟབས། སྒྲིག་འཛུགས་སམ། སློབ་གྲྭ། གཞིས་ཆགས་ལ་སོགས་སོ་སོ་རང་ཉིད་ཀྱི་རྐང་པའི་ཐོག་ལངས་ཐུབ་ཐབས་བྱ་དགོས་ཀྱི་ཡོད། ད་ཆ་བོད་མི་ཡོངས་ཀྱི་དཔྱ་ཁྲལ་ལག་དེབ་ནས་དངུལ་བབ་བརྒྱ་ཆ ༦་་་་༧ རགས་ཀྱི་ཡོད། བརྒྱ་ཆ་ ༩༠ རོགས་ཚོགས་ལ་བརྟེན་ནས་གནས་ཡོད། བོད་པ་ནང་ཁུལ་ཕན་ཚུན་རོགས་པ་བྱས་ཚེ་རང་ཁ་རང་གསོ་ཆགས་ཐུབ། ཐེངས་འདིར་སྐུ་ལས་སྐྱོན་མཁན་ཐུབ་བསྟན་བསམ་གྲུབ་ལགས་རེད། ཚོང་པ་སྐལ་ལྡན་ཆོས་འཕེལ་ལགས་དང་། ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱིས་གཉེར་བཞིན་པའི་ཚོང་ལས་ Padma Jewels ལ་ཧིན་སྒོར་བྱེ་བ་གཅིག་ཐོབ་པ་དེ་ནི་མིག་དཔེར་འོས་པ་ཞིག་བྱུང་འདུག ཅེས་དང་།
གཞན་ཡང་སྲིད་སྐྱོང་མཆོག་གིས་ཨིན་ཡུལ་དོན་གཅོད་ཟུར་པ་དང་བོད་ཀྱི་གསར་གཏོད་ཚོགས་པའི་འགན་འཛིན་ཐུབ་བསྟན་བསམ་གྲུབ་ལགས་ཀྱི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་གནང་བ་མ་ཟད། བུན་གཡར་ལས་གཞི་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོང་པ་སྐལ་ལྡན་ཆོས་འཕེལ་ལགས་དང་། ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱི་ཚོང་ལས་ Padma Jewels ལ་ཧིན་སྒོར་བྱེ་བ་གཅིག་ཕུལ་འདུག དེ་ནས་གསར་འགོད་པའི་དྲི་བར་འབྲེལ་ཡོད་ནས་གསལ་བཤད་གནང་གྲུབ་མཚམས་གསར་འགོད་ལྷན་ཚོགས་གྲོལ་འདུག
ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི། བོད་པའི་སྤྱི་ཚོགས་ནང་ཡར་ཐོན་ཚོང་ལས་པ་འདེམས་སྒྲུག་བྱེད་རྒྱུ་དང་། ཚོང་ལས་པ་དེས་གཞིས་ཆགས་ནང་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་སྐྲུན་རྒྱུའི་ཆེད་ཡིན།
སྤྱིར་པདྨ་རྒྱན་ཆ་ཚོང་ལས་ནི། ཕྲེང་བ་དང་ལག་ཤེས་བཟོ་བཀོད་དང་། ཤེལ་གྱི་དཔེ་རིས་འདྲ་མིན་ཐོག་ཚོང་ལས་གཉེར་མཁན་ཞིག་རེད་འདུག ད་ཆ་ཚོང་ལས་དེའི་ནང་བོད་མི་ཁྱོན་མི་གྲངས་ ༣༢ ཙམ་ལ་གོ་སྐབས་བསྐྲུན་བཞིན་འདུག་པ་བཅས། །