༢༠༡༡ ཟླ ༥ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་མན་སྤར་ཕན་བདེ་གླིང་གཞིས་ལས་ཁང་ནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༥༠ ཙམ་ལ་བཙན་བྱོལ་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་ཆ་ཏི་སི་གྷར་མངའ་སྡེའི་ར་ཡེ་པུར་(Raipur)གྲོང་ཁྱེར་གྱི་གནམ་ཐང་དུ་ཕེབས་སྐབས་ས་གནས་འགོ་འཛིན་གྱི་ལས་ཚབ་ལས་དྲུང་ཀརྨ་ཡེ་ཤེས་སྒྲོལ་མ་ལགས་ཀྱིས་ཕེབས་བསུ་ཞུས་ཡོད། དེ་ཉིན་དགོང་མོ་ཆུ་ཚོད་ ༡༡ ཙམ་ལ་བཀའ་ཁྲི་མཆོག་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་ཕེབས་འབྱོར་གྱིས་ས་གནས་འཐུས་ཚོགས་ཀྱིས་གཙོས་མཉམ་སྦྲེལ་ཚོགས་གཙོ་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་གཞོན་ནུ་དང་བུད་མེད་ཀྱི་ཚོགས་གཙོ། བརྒྱ་དཔོན་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞིས་མི་རྣམས་ཚང་འཛོམས་ཐོག་མི་མང་ཚོགས་ཁང་དུ་ཚོགས་ཆེན་སྐོང་ཚོགས་ཀྱིས་ཐོག་མར་ས་གནས་འགོ་འཛིན་གྱི་ལས་ཚབ་ནས་གཞིས་ཆགས་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་ཡོད། དེ་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན་ནི། བཙན་བྱོལ་གཞུང་ལ་མི་མང་གི་འོས་འདེམས་བྱས་པའི་བཀའ་ཁྲི་གསར་པ་ཕེབས་ཀྱི་ཡོད་སྐོར་དང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཤོལ་རྗེས་བཅའ་ཁྲིམས་ལ་བསྒྱུར་བ་ཕྱིན་པ་དང་། འདས་པའི་བཙན་བྱོལ་གྱི་ལོ་ངོ་ལྔ་བཅུའི་ནང་༸གོང་ས་མཆོག་གིས་ཤེས་ཡོན་ལ་དམིགས་བསལ་གྱིས་མཐོང་ཆེན་མཛད་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོར་ཤེས་ཡོན་ཡག་པོ་ཐོབ་ཡོད་སྐོར་དང་། གཞིས་ཆགས་ཀྱི་ས་ཁང་བརྟན་པོ་ཡོང་སླད་མི་མང་ངོས་ནས་རྒྱབ་སྐྱོར་དགོས་པ་མ་ཟད། ས་གནས་འགོ་འཛིན་དེ་ས་གནས་རང་ནས་འོས་འདེམས་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་ཚོགས་འདུ་མཇུག་བསྡོམས་སུ་ས་འཐུས་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བཀའ་ཁྲི་མཆོག་ས་གནས་རྒན་གསོ་ཁང་དུ་གཟིགས་སྐོར་གྲུབ་རྗེས་གཞིས་གྲོང་ ༥ སྐྱེ་ལྡན་སོ་ནམ་ཞིང་ལས་གནང་མཁན་ཞིང་པ་ཚོ་དང་ལྷན་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་བཅས། །
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་འཚམས་གཟིགས་གནང་བ།
གསར་གནས།
འབྲེལ་གནས།