༢༠༡༩ ཟླ་ ༡༠ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། དྲིལ་བསྒྲགས་དྲུང་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱིས་དྲིལ་བསྒྲགས་དྲུང་ཆེའི་ལས་འགན་ཡོད་མུས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཅིག་ལྕོགས་ལས་ཁུར་འགོ་འཛུགས་གནང་འདུག དེ་ཡང་བཀའ་ཤག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ཉིན་བཏང་བའི་གསལ་བསྒྲགས་ནང་ཁོང་ལ་དྲུང་འགན་གཅིག་ལྕོགས་ཀྱི་ལས་འགན་བཀོད་སྒྲིག་གནང་ཞིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ནང་སྲིད་དྲུང་ཆེར་བསྐོ་གཞག་གནང་ཡོད་འདུག
དེ་ཡང་ཚེ་དབང་རྒྱལ་པོ་ཨརྱ་ལགས་ནི་ཕྱི་ལོ་ ༡༩༦༥ ཟླ་ ༦ ཚེས་ ༡༠ ཉིན་འཁྲུངས་པ་དང་། མ་སུ་རི་གཏན་སློབ་ཏུ་སློབ་སྦྱོང་གནང་རྗེས་པན་ཇམ་མཐོ་སློབ་Panjab University ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ཨན་ན་མ་ལ་ཡི་མཐོ་སློབ་ Annamalai University ནས་གཙུག་ལག་རབ་འབྱམས་པ་ལེགས་ཐོན་གནང་བ་མ་ཟད། ལྡི་ལི་མཐོ་སློབ་ནས་ཉི་འོང་སྐད་ཡིག་སྡེ་ཚན་ནང་ཉི་འོང་ཡུལ་སྐད་སྦྱངས་རྗེས་ཉི་འོང་རྒྱལ་ས་ཊོག་ཁྱོ་རུ་རྒྱལ་སྤྱིའི་ཚོང་ལས་འབྲེལ་ལམ་སྐོར་སློབ་སྦྱོང་གནང་འདུག ཕྱི་ལོ་ ༡༩༨༨ ལོར་ཐོག་མར་དཔལ་འབྱོར་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་ལྟར་ཞབས་ཞུ་བསྒྲུབས་པ་དང་། སྐབས་དེ་དག་ཏུ་ཁོང་གིས་དཔལ་འབྱོར་ཁྱབ་ཁོངས་བོད་ཀྱི་རུམ་ཐག་བཟོ་གྲྭའི་འགན་འཛིན་སོགས་གནང་འདུག
ཕྱི་ལོ་ ༢༠༠༠ ལོར་ཞུང་ཞབས་ངོ་མའི་ཐོག་དྲུང་གཞོན་གནས་རིམ་དུ་དཔལ་འབྱོར་ལས་ཁུངས་སུ་བསྐོ་གཞག་གནང་འདུག ༢༠༠༥ ཕྱི་ཟླ་ ༦ ནང་ཉི་འོང་སྐུ་ཚབ་དོན་ཁང་དུ་དྲུང་ཆེར་བསྐོ་གཞག་གནང་འདུག དེ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ནང་ལྡི་ལི་དོན་ཁང་གི་དྲུང་ཆེར་བསྐོ་གཞག་གནང་རྗེས་ ༢༠༡༨ ཟླ་ ༡༡ ནང་ནང་སྲིད་ལས་ཁུངས་སུ་དྲུང་འཕར་གནས་རིམ་ཐོག་བསྐོ་གཞག་གནང་བ་དང་། དེ་ནས་ལོ་དེའི་ཕྱི་ཟླ་ ༡༢ ནང་ཕྱི་དྲིལ་ལས་ཁུངས་སུ་དྲིལ་བསྒྲགས་དྲུང་འཕར་དུ་བསྐོ་གཞག་གནང་ནས་ཟླ་ ༥ ཚེས་ ༣ ཉིན་དྲུང་ཡིག་ཆེན་མོར་གནས་སྤར་ཐོག་དྲིལ་བསྒྲགས་དྲུང་ཆེར་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ཉིན་བཀའ་ཤག་ནས་དྲིལ་བསྒྲགས་དྲུང་ཆེ་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཅིག་ལྕོགས་ཏུ་བསྐོ་གཞག་གནང་འདུག་པ་བཅས།