༢༠༡༩ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ། ལྷག་པར་རྒྱ་གར་ནང་དུ་དེང་སྐབས་རྒྱ་གར་གནའ་རབས་སེམས་ཁམས་རིག་པའི་ལྟ་གྲུབ་ལ་གཞི་བཅོལ་བའི་ལེགས་བཤད་བསྐྱར་གསོའི་སླད་ཐུགས་ཁུར་ཆེ་བཞེས་མཛད་བཞིན་པའི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་ཞུ་སླད་རྒྱལ་སྤྱིའི་གཱན་དྷཱིའི་ཞི་བདེའི་གཟེངས་རྟགས་ཞེས་པ་འབུལ་ལམ་ཞུ་དགོས་པའི་དགོས་འདུན་བཏོན་གནང་འདུག
དེ་ཡང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Vijay Singh Makotia ལགས་ཀྱིས་རྡ་ས་ཁྲིམས་ཁང་ཉེ་འདབས་སུ་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་དགུང་ཆུ་ཚོད་ ༡༢༌༣༠ ཐོག་ Yatri Niwas ཞེས་པའི་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། ཕྱི་ཟླ་ ༡༡ ཚེས་ ༧ ནས་ ༨ བར་རྡ་སར་གོ་ལའི་ཚོང་དོན་ལྷན་ཚོགས་ Global investor meet ཞེས་པ་ཞིག་འཚོགས་གཏན་ཁེལ་ཡོད་སྟབས། དབུ་འབྱེད་མཛད་སྒོར་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་ཕེབས་ཀྱི་ཡོད་འདུག དེར་བརྟེན་ཁོང་མ་ཕེབས་གོང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གཱན་དྷཱིའི་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཞལ་བཞེས་གནང་དགོས་པའི་དགོས་འདུན་བཏོན་གནང་འདུག