༢༠༡༩ ཟླ་ ༡༠ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་དུ་ཆུ་རུད་ཀྱི་གོད་ཆགས་ཚབས་ཆེ་ཕོག་པར་ཡུལ་དེའི་སྲིད་བློན་སྐུ་ཞབས་ཤིན་ཛོ་ཨ་བྷེ་Shinzo Abeམཆོག་བརྒྱུད་ཐུགས་གསོ་མཛད་དོན།
“མཚོ་རླུང་དྲག་ཆར་Hagibis ཞེས་པ་བྱུང་རྐྱེན་མི་རྒྱུ་ཟོག་གསུམ་ལ་སྔར་མ་གྲགས་པའི་གནོད་འཚེ་ཚབས་ཆེ་ཕོག་པ་དང་། ལྷག་པར་ཚེ་སྲོག་ཤོར་བ་རྣམས་ཀྱི་ལྟོས་བཅས་ནང་མི་ཡོངས་ལ་ངོས་ཀྱིས་མྱ་ངན་དང་སེམས་གསོ་ཞུ་བཞིན་ཡོད། སྐུ་ཉིད་མཆོག་གིས་སྔོན་ཚུད་ནས་རང་བྱུང་གི་འཇིགས་པ་དེར་གདོང་ལེན་ཆེད་གྲ་སྒྲིག་ཚགས་ཚུད་གནང་བར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། སྐུ་ཉིད་ཀྱི་མཁྱེན་ཆུབ་ལྟར་དེ་སྔ་ངོས་རང་ཉི་འོང་དུ་ཡང་ཡང་སླེབས་མྱོང་ཡོད། སྐབས་དེ་དག་ཏུ་ཡུལ་མི་ཚོས་ངོས་ལ་མཛའ་བརྩེའི་རྣམ་འགྱུར་བསྟན་པ་དང་། ལྷག་པར་ངོས་ཀྱིས་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུར་འབད་འབུངས་བྱེད་བཞིན་པར་དོ་སྣང་དང་རྒྱབ་སྐྱོར་ཧ་ཅང་གནང་བ་དེ་དག་ཡིད་ལ་དྲན་སྐབས་དགའ་ཚོར་སྐྱེ་བཞིན་འདུག ” ཅེས་འཁོད་པ་དང་། མཐར་མགོན་པོ་མཆོག་ནས་དཀའ་སྡུག་མྱོང་བཞིན་པའི་མི་མང་ཚོའི་ཆེད་ཐུགས་སྨོན་རྒྱ་ཆེ་མཛད་འདུག་པ་བཅས།།