ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཝི་ཏི་ནམ་དད་ལྡན་པ་ཁག་གཅིག་ལ་བཀའ་སློབ་སྩལ་དོན། ས་གནས་འདི་ནི་འདས་པའི་ལོ་ངོ་དྲུག་ཅུའི་རིང་ངོས་ཀྱི་སྡོད་ཡུལ་ཞིག་ཡིན། དེ་རིང་ཁྱེད་རང་ཚོ་འདིར་ཕེབས་པར་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་ཚོ་ཝི་ཏི་ནམ་ལ་མཚོན་ན་སྔ་མོ་ནས་ནང་ཆོས་དང་འབྲེལ་བ་ཡོད་པ་ཞིག་རེད། ཕྱོགས་མཚུངས་ཇ་ཝའམ་དེང་སྐབས་ཨིན་ཌོ་ནེ་ཤི་ཡར་གྲགས་པའི་ནང་བླ་མ་གསེར་གླིང་པ་བྱོན་ཡོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་རེད། ནང་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ང་ཚོ་ནང་པ་ཡིན་པའི་ཆ་ནས་ནང་ཆོས་རྩ་བ་ཆེན་པོ་རེད་ཟེར་རྒྱུའི་སྐད་ཆ་ཞིག་མ་རེད། དེང་སྐབས་འཛམ་གླིང་འདིར་ལྟོས་དང་། སེམས་མ་དུལ་བ་བྱས་ནས་ཆགས་སྡང་གི་བློ་ཧ་ཅང་ཤུགས་ཆེན་པོ་བྱས་ནས་དེས་རྐྱེན་པས་འཛམ་གླིང་ས་ཕྱོགས་གང་སར་རྙོག་གྲ་འཐོན་བཞིན་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མིན་ཇི་ལྟར་ཡང་བྱམས་པ་དང་བརྩེ་བ། ཆོག་ཤེས། བཟོད་བསྲན་ཟེར་བ་ཆོས་ལུགས་ཚང་མས་གསུང་གི་ཡོད། ད་ལྟ་ང་ཚོ་དུས་རབས་ ༢༡ ནང་སླེབ་ཡོད། འོན་ཀྱང་ད་དུང་གོ་མཚོན་འཚོང་རྒྱུ་དང་གསར་པ་བཟོ་རྒྱུ། དམག་འཁྲུག་རྒྱག་རྒྱུ་སོགས་ཡོང་བཞིན་ཡོད།
ལྷག་པར་ཆོས་དད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་རྒྱུའི་འཛམ་གླིང་ཞིག་ཆགས་ཡོད། དུས་སྐབས་འདི་ལྟ་བུར་ནང་པའི་གཞུང་ནས་བྱམས་པ་དང་བརྩེ་བ་ཟེར་བ་དེ་དག་སྤྱིར་ཆོས་ལུགས་གཞན་དང་གཅིག་མཚུངས་རེད། ཧ་ཅང་ཤུགས་ཆེན་པོ་གསུང་བཞིན་ཡོད། འོན་ཀྱང་མི་འདྲ་བ་དེ་ནང་པ་ཚོས་འཇིག་རྟེན་བཀོད་པ་པོ་མི་འདོད། སེམས་ཁམས་རིག་པ་དང་འབྲེལ་ནས་བྱམས་པ་དང་བརྩེ་བ་ཤོད་སྐབས་ཚན་རིག་པ་མང་པོས་དོ་སྣང་བྱེད་ཀྱི་འདུག ངོས་ཀྱིས་ནམ་རྒྱུན་ནས་ནང་ཆོས་ཡག་ཤོས་རེད་དུས་ནམ་ཡང་བརྗོད་ཀྱི་མེད། གང་ཟག་གང་གི་ཁམས་དང་མོས་པར་གཞིགས་པའི་ཆོས་དེ་གང་ཟག་དེར་ཡག་ཤོས་ཆགས་པ་མ་གཏོགས། སྤྱི་ཡོངས་ཆ་ནས་ནང་ཆོས་ཡག་ཤོས་རེད་ཅེས་བརྗོད་ཤེས་ཐབས་མེད། ངོས་ཀྱི་བརྗོད་ཀྱི་མེད། འོན་ཀྱང་ལྟ་གྲུབ་ཐོག་ནས་བརྗོད་ན་ནང་པའི་ཆོས་དེ་ཚན་རིག་དང་ཧ་ཅང་ཐག་ཉེ་པོ་འདུག
ང་ཚོས་པར་སྐྲུན་བྱས་པའི་ཚན་རིག་ཀུན་བཏུས་ལྟ་བུ་ནང་ཆོས་ནས་གསུང་པའི་ཚན་རིག་དང་རིག་གསར་གྱི་ཚན་རིག་དཔྱད་བསྡུར་བྱས་ནས་དེབ་དེ་འདྲ་ང་ཚོས་བཟོས་ཡོད། དེབ་དེ་འདྲ་རྒྱ་ནག་གི་སློབ་གྲྭ་ཆེན་པོ་འགའ་ཤས་ནང་སླེབ་ཀྱི་ཡོད་པ་འདྲ། ཁོང་ཚོས་ནང་པའི་ཆོས་དེ་ཚན་རིག་དང་མཐུན་པའི་ཆོས་རེད་འདུག ཅེས་ཤོད་མཁན་བྱུང་འདུག བཅོམ་ལྡན་འདས་རང་ཉིས་ཀྱིས་ཞལ་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་གཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་རྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་ཡོད། ནཱ་ལེནྡྲའི་མཁས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་ལའང་སྒྲ་ཇི་བཞིན་པར་ཁས་བླང་དུ་རུང་མི་རུང་གཉིས་ཕྱེ་ཡོད། དེར་བརྟེན་སངས་རྒྱས་ཀྱི་ཆོས་དེ་བརྟག་དཔྱད་བྱས་ནས་རིག་པར་གཙོ་བོར་བརྟེན་ནས་ཡོད། ཚན་རིག་མུ་མཐུད་ནས་ཡར་རྒྱས་འགྲོ་ཡི་རེད། འཛམ་གླིང་མི་ཚང་མས་ཚན་རིག་བརྗོད་སྐབས་བརྟག་དཔྱད་བྱས་ནས་གཏན་ལ་ཕབ་པ་ཞིག་ཡིན་སྟབས་དེར་མི་མང་པོས་ཡིད་ཆེས་བྱེད་ཀྱི་ཡོད། ཚན་རིག་གིས་མི་ལ་ཧ་ཅང་ཕན་ཐོགས་བྱུང་ཡོད། ཚན་རིག་མུ་མཐུད་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག ནང་པ་སངས་རྒྱས་པའི་ལྟ་གྲུབ་རྟེན་ཅིང་འབྲེལ་བར་བྱུང་བ་ཞེས་པ་དེ་ཚན་རིག་དང་ཡོངས་སུ་མཐུན་པ་ཞིག་རེད། ཚན་རིག་དང་ལྷན་མུ་མཐུད་ཡར་རྒྱས་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད།
དཔེར་ན་ངོས་ལ་མཚོན་ན། ཆུང་དུས་སྐབས་ནས་ནཱ་ལེནྡྲའི་གཞུང་དེ་དག་རྩ་བ་བློར་འཛིན། འགྲེལ་པ་ཚིག་རེ་རེ་ནས་གཞུང་དེ་དག་བལྟས་ནས་དེའི་ཐོག་ལ་ཚད་མ་རིག་པའི་སྒོ་ནས་རྩོད་པ་རྩོད་ནས་ཕྱིན་པ་རེད། ཆུང་དུས་ངོས་རང་སྒྱིད་པོ་མེད། འོན་ཀྱང་སློབ་སྦྱོང་དེ་འདྲ་བས་ན་ཡོང་བ་རེད། འོན་ཀྱང་རིམ་བཞིན་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་བསླབ་བྱ་དེ་དག་གིས་སེམས་ནང་ཕན་ཐོགས་ཧ་ཅང་འདུག ངོས་རང་ནང་པ་ཞིག་ཀྱང་ཡིན། འོན་ཀྱང་ཚན་རིག་པ་མང་པོ་ཞིག་གིས་ངོས་རང་ཚན་རིག་པ་རེད་ཟེར་གྱི་འདུག དུས་རྒྱུན་ངོས་རང་ཕྱེད་ནང་པའི་དགེ་སློང་དང་ཕྱེད་ཀ་ཚན་རིག་པ་ཞིག་ཡིན་ཞེས་ཤོད་ཀྱི་ཡོད། དེར་བརྟེན་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཚད་མའི་ལམ་ནས་གཏན་ལ་དབབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཚད་མའི་ལམ་ནས་དཔྱད་སྐབས་གལ་ཏེ་རིག་པའི་གནོད་པ་ཡོད་ན། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་སྒྲ་ཇི་བཞིན་པར་ཁས་བླངས་ན་རུང་གི་མ་རེད། ཅེས་བཞག་པ་རེད། ང་ཚོ་ཝི་ཏི་ནམ་དང་རྒྱ་ནག ཀོ་རི་ཡ། ཉི་འོང་། བོད་དང་སོག་པོ་དེ་དག་ནཱ་ལེནྡྲའི་ཆོས་བརྒྱུད་གཙོ་བོར་འཛིན་མཁན་རེད། འདུལ་བའི་ཉམས་ལེན་དེ་དག་པཱ་ལིའི་ནང་ཡོད་པ་དེ་དག་ང་ཚོ་ཚང་མ་གཅིག་པ་ཆགས་ཡོད། སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་བསྡུས་ན། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཆགས་ཡོད།
སྤྱོད་པ་འཚེ་བ་མེད་པ་ཞེས་པ་འདི་འཛམ་གླིང་ཞི་བདེ་དང་ཧ་ཅང་འབྲེལ་བ་འདུག ལྟ་བ་འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་ཟེར་བ་ལྟ་བུ་མིན་པར་རྟེན་འབྱུང་གི་ལྟ་གྲུབ་ཤོད་སྐབས་ཚན་རིག་དང་མཐུན་པ་རེད་འདུག འགྲེལ་པ་སངས་རྒྱས་བསྐྱངས་ལས། ངོ་བོ་ཉིད་ཀྱི་གྲུབ་ན། བརྟེན་ནས་བཏགས་པའི་ཅི་བྱ། ཞེས་ངོ་བོ་ཉིད་ཀྱི་གྲུབ་ཡོད་ན་བརྟེན་ནས་བཏགས་དགོས་པ་མེད། ཆོས་ཐམས་ཅད་རྟེན་འབྱུང་རེད། བརྗོད་སྐབས་ཚན་རིག་དང་མཐུན་པ་རེད་འདུག ཚན་རིག་པས་ཚད་རྡུལ་དངོས་ཁམས་བཤད་པ་དང་ཡོངས་སུ་མཐུན་པ་རེད་འདུག ཅེས་བཀའ་སློབ་སྩལ་རྗེས་ཐུབ་པའི་མཚན་སྔགས་དང་སྒྲོལ་མ། འཇམ་དབྱངས་ཀྱི་གཟུངས་སྔགས། སྤྱན་རས་གཟིགས་ཀྱི་གསུངས་སྔགས་བཅས་ཀྱི་བཟླས་ལུང་མཛད་པ་བཅས། །