༢༠༡༡ ཟླ་ ༥ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༧ ཉིན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གི་སྐུ་ཕུང་ཞུགས་འབུལ་མཛད་སྒོ་དང་འབྲེལ་ཡོད་རྣམ་པར་ཐུགས་གསོའི་འཚམས་ཞུ་འབུལ་སླད་བཀའ་འབྲེལ་ལྟར་ཕྱོགས་བསྐྱོད་གནང་ཡོད།
དེ་ཉིན་ཕྱི་དྲོ་རྡ་ས་ནས་ལྡི་ལིར་གནམ་ཐོག་ཕེབས་ཐོན་དང་། ཚེས་ ༨ ཉིན་ལྡི་ལི་ནས་གྷོ་ཧ་ཀྲིར་བར་གནམ་ཐོག་ཕེབས་འབྱོར་གྱིས་ཚེས་ ༩ ཉིན་མོན་རྟ་དབང་དུ་ཕེབས་འབྱོར་དང་། ཚེས་ ༡༠ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པའི་སྐུ་ཕུང་ཞུགས་འབུལ་མཛད་སྒོར་མཉམ་ཞུགས་གནང་རྒྱུ།
ཚེས་ ༡༡ ཉིན་མོན་རྟ་དབང་དགོན་པར་གནས་མཇལ་མཆོད་འབུལ་དང་། དུས་ཁོམ་བྱུང་ན་མང་ཚོགས་ལ་འཚམས་འདྲི་གསུང་བཤད་གནང་རྒྱུ། ཚེས་ ༡༢ ཉིན་མོན་རྟ་དབང་ནས་འབུམ་སྡེ་ལར་ཕེབས་ཐོན་གྱིས་ཚེས་ ༡༣ ཉིན་གྷོ་ཧ་ཀྲི་ནས་ལྡི་ལིར་གནམ་ཐོག་ཕེབས་རྗེས་ཚེས་ ༡༤ ཉིན་ལྡི་ལི་ནས་མེ་འཁོར་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས་སུ།།
ཆོས་རིག་བཀའ་བློན་མཆོག་ཨ་རུ་ནཱ་ཅལ་སྤྱི་ཁྱབ་བློན་ཆེན་འདས་པོའི་སྐུ་ཕུང་ཞུགས་འབུལ་མཛད་སྒོར་ཕེབས་པ།
གསར་གནས།
འབྲེལ་གནས།