༢༠༡༩ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཚོགས་འདུ་ཚོགས་འདུག སྐབས་དེར་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་དྲུང་ཆེ་དཔེ་ཟུར་དབང་འདུས་ལགས། དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་བཅས་དབུ་བཞུགས་ཐོག གྲོས་གཞི་དོན་ཚན་གཉིས་ཐོག་ལྷན་ཚོགས་གནང་འདུག
གྲོས་གཞི་དེ་དག་ནི་ནང་སྲིད་ལས་ཁུངས་ནས་ཕྱོགས་བསྒྲིགས་ཞུས་པའི་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ལས་ཤུགས་གྲངས་ཐོ་བསྡུ་རུབ་ཀྱིས་ལས་གཞི་གནས་སྟངས་ཐད་ལ་གོ་བསྡུར་དང་། གཉིས་པ་ནི་རྒྱ་གར་གཞུང་གིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པའི་དགོངས་དོན་ས་གནས་སོ་སོའི་ནང་ལག་བསྟར་མཇུག་སྐྱོང་ཇི་བྱུང་ཐོག་ཡིན་འདུག
དེ་ཡང་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་རང་རེའི་བོད་མིའི་སྤྱི་ཚོགས་ནང་དཀའ་ངལ་ཆེ་ཤོས་ཅིག་ནི་རྒྱ་གར་ནང་གི་བོད་མིའི་མི་འབོར་གྲངས་ཚད་དང་། ལོ་རྒྱུས་སྤུད་ཚད་ལྡན་པ་ཞིག་མེད་པར་བརྟེན། རྒྱ་གར་གཞུང་ལའང་དེ་ཚོད་ཀྱིས་རྒྱ་གར་ནང་དུ་བོད་མི་བཙན་བྱོལ་བ་ཇི་ཙམ་ཡོད་མེད་གྲངས་ངེས་བརྟན་འཕེར་ངེས་ཤིག་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། གནད་དོན་དེའི་ཐད་བར་ལམ་ནང་སྲིད་ལས་ཁུངས་ཀྱི་ཐུགས་འགན་བཞེས་ནས་གྲངས་ཐོ་བསྡུ་རུབ་ཀྱི་ལས་གཞི་གསར་དུ་འགོ་འཛུགས་ཀྱིས་ད་བར་འགྲོ་གྲོན་ཧིན་སྒོར་འབུམ་ ༧༠ ཙམ་བཏང་ཟིན་པ་དང་། ལས་གཞི་འདིའི་འོག་མི་འབོར་གྱི་གྲངས་ཚད་ཙམ་མ་ཟད། བོད་མི་རེ་རེའི་ལོ་རྒྱུས་དང་། འཚོ་ཐབས། སློབ་སྦྱོང་གི་གནས་ཚད་སོགས་ཞིབ་ཕྲ་དགོད་རྒྱུ་ཡིན་སྐོར་བཀའ་བློན་མཆོག་གིས་གསུངས།
གཞན་ཡང་བཀའ་བློན་མཆོག་གིས་གྲོས་གཞི་དོན་ཚན་གཉིས་པ་དང་འབྲེལ། གཞིས་ཆགས་དང་ས་ཞིང་ཁག་སྲ་བརྟན་དགོས་གལ་དང་། དེ་བཞིན་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་མངའ་སྡེ་ཁག་གཅིག་ལ་ལག་བསྟར་ཐུབ་མེད་ཀྱང་། མ་འོངས་པར་ལག་བསྟར་ཐུབ་ཐབས་སུ་ཐབས་ལམ་ཇི་དགེའི་ཐོག་དགོངས་བཞེས་གནང་དགོས་སྐོར་གསུངས། ཕྱོགས་མཚུངས་དེ་རིང་སྐྱེ་ལྡན་སོ་ནམ་ལས་གཞི་དང་འབྲེལ་བའི་མཉེན་ཆས་ Padma app ཤིག་ཀྱང་དབུ་འབྱེད་གནང་ཡོད་འདུག ཚོགས་འདུར་རྒྱ་བལ་འབྲུག་གསུམ་ནས་བོད་མིའི་ས་གནས་འགོ་འཛིན་གྲངས་ ༤༥ མཉམ་ཞུགས་གནང་ཡོད་པ་བཅས།