ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ དང་ ༨ བཅས་ཉིན་གྲངས་གཉིས་རིང་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྐུ་ཚབ་དོན་གཅོད་ཀྱི་ལོ་འཁོར་ཚོགས་འདུ་ཚོགས་འདུག དེ་ཡང་ཕྱི་ཚེས་ ༧ སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་ཚོགས་འདུ་དབུ་འཛུགས་ཀྱི་ཐོག་མར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་།
དེ་རྗེས་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེངྒེ་མཆོག་གིས་སྐུ་ཚབ་དོན་ཁང་སོ་སོ་ནས་ས་གནས་སུ་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་ལ་དམིགས་ནས་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ལམ་སྟོན་གནང་འདུག དེ་རྗེས་སྔ་ལོར་སྐུ་ཚབ་དོན་གཅོད་ཚོགས་འདུའི་སྐབས་གྲོས་ཆོད་ལག་བསྟར་ཇི་ཙམ་ཐུབ་མིན་བསྐྱར་ཞིབ་གནང་འདུག གསོལ་ཇའི་བར་གསེང་རྗེས་སྐུ་ཚབ་དོན་གཅོད་རྣམ་པས་རྒྱལ་སྤྱིའི་ནང་ཆབ་སྲིད་འཕོ་འགྱུར་དང་བསྟུན་ནས་བོད་དོན་ལས་འགུལ་ཇི་ལྟར་སྤེལ་དགོས་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གདོང་ལེན་བྱེད་ཕྱོགས།
དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ་སྔར་ལྷག་ཚགས་ཚུད་ཇི་ལྟར་སྤེལ་ཐབས། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཇི་ལྟར་སྤེལ་དགོས་མིན་ཐད་དཔྱད་ཞིབ། ཟླ་བ་རྗེས་མར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དང་འབྲེལ་བའི་སྐོར་སོགས་གོ་བསྡུར་སྦྱངས་བཤད་ལྷུག་པོ་གནང་རྒྱུ་མ་ཟད།
ཕྱི་ཚེས་ ༨ ཉིན་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གཡོ་བྱུས་ལ་རང་ཕྱོགས་ནས་རྒྱལ་སྤྱིའི་ནང་གདོང་ལེན་གྱི་གསལ་བཤད་ཇི་ལྟར་བྱེད་དགོས་པའི་སྐོར་དང་། དོན་ཁང་དང་ཁྱབ་ཁོངས་བོད་རིགས་ཚོགས་པ། བོད་བརྒྱུད་ནང་བསྟན་ཆོས་ཚོགས་སོགས་ནས་བོད་མིའི་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་ཐོག་གོ་བསྡུར་སྦྱངས་བཤད་གནང་རྒྱུ་ཡིན་འདུག གཞན་ཡང་དེ་ཉིན་དོན་ཁང་སོ་སོས་འཆར་ལོ་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ ནང་ལས་འཆར་ཇི་སྤེལ་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག དེ་ནས་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་སོགས་དང་འབྲེལ་བའི་གནད་དོན་ཐོག་དོན་གཅོད་རྣམས་ལ་ལམ་སྟོན་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་རྩིས་ཞིབ་འགན་འཛིན་མཆོག་ནས་རྩིས་དང་འབྲེལ་བའི་ལམ་སྟོན་གནང་རྒྱུ་དང་། དོགས་འདྲི་ཁག་ལ་གསལ་བཤད་གནང་རྒྱུ་ཡིན་འདུག དེ་ཉིན་ལས་རིམ་མཐའ་མར་སྲིད་སྐྱོང་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་རྒྱུ་དང་། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ་ཡིན་འདུག །