༢༠༡༡ ཟླ་ ༥ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༨ ཉིན་ཨ་རིའི་མིན་ནི་སོ་ཊ་གཙུག་ལག་སློབ་གྲྭས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙུག་ལག་སློབ་གྲྭའི་མཁས་དབང་གི་ཕྱག་འཁྱེར་ཌོཀ་ཊོར་ཨོབ་ཧུ་མན་ལེ་ཊར་སི་ (Doctor of Humane Letters) ཞེས་པ་དེ་འབུལ་ལམ་ཞུས་ཡོད། དེ་ཉིན་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་དད་ལྡན་མང་ཚོགས་ ༦༠༠༠ བརྒལ་བར་སྨན་བླའི་བཀའ་དབང་སྩལ། ཉིན་རྒྱབ་ཚོགས་ཁང་དེ་རང་དུ་ མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུ་རྒྱུའི་མཛད་སྒོའི་ཐོག་མར་གཙུག་ལག་སློབ་གྲྭའི་གཙོ་འཛིན་སྐུ་ཞབས་རོ་བ་ཊི་ཨེ་ཆ་བྷུ་རུ་ནིཀ་མཆོག་གིས་༸གོང་ས་མཆོག་མིན་ནི་སོ་ཊའི་གཙུག་ལག་སློབ་གྲྭར་ཆིབས་སྒྱུར་བསྐྱངས་པ་དང་སྟབས་བསྟུན། བོད་དོན་དང་འབྲེལ་བའི་འགྲེམས་སྟོན་དང་ཚོགས་འདུ་སོགས་ལས་གཞི་སྣ་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། ༸གོང་ས་མཆོག་ལ་གཙུག་ལག་སློབ་གྲྭའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད། ཕྱག་འཁྱེར་དང་ལྷན་ཆེ་བསྟོད་རྩོམ་ཡིག་ཅིག་ཡོད་པའི་ནང་འཁོད་དོན།
ཆོད་སེམས་བརྟན་པོ་དང་བྱམས་བརྩེའི་བསམ་པས་ཀུན་ནས་བླངས་པ་ཡིན་ན་ནང་པའི་དགེ་སློང་དཀྱུས་མ་ཞིག་གིས་ཀྱང་འཇིག་རྟེན་སྤྱིའི་མཐུན་སྒྲིལ་དང་ཕན་ཚུན་བསམ་ཤེས་གོང་མཐོར་གཏོང་རྒྱུའི་ལམ་སྣེ་འདྲེན་ཐུབ་ཀྱི་ཡོད་པ་དེ་གསལ་སྟོན་མཛད་ཡོད་ཅེས་སོགས་འཁོད་ཡོད། དེ་རྗེས་༸གོང་ས་མཆོག་གིས་ཕྱག་འཁྱེར་འབུལ་བཞེས་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། ངོས་ཀྱིས་གཙུག་ལག་སློབ་གྲྭ་འདིའི་ནང་སློབ་གཉེར་མ་བྱས་པར་ངོས་ལ་མཁས་དབང་གི་ཕྱག་འཁྱེར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞི་རྩའི་ང་ཚོ་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། དེང་དུས་ཤེས་ཡོན་ལམ་སྲོལ་དེ་ཡུ་རོབ་ཏུ་ལོ་ངོ་སྟོང་ཙམ་ནས་དར་ཁྱབ་བྱུང་ཡོད། སྐབས་དེར་མིའི་ནང་གི་རིན་ཐང་གོང་མཐོར་གཏོང་རྒྱུའི་འགན་དེ་གཙོ་བོ་ཡེ་ཤུའི་ལྷ་ཁང་གིས་གནང་ཡོད།
རིམ་པས་ཡེ་ཤུའི་མཆོད་ཁང་ཚོའི་དབང་ཆ་ཉམས་གུད་ཕྱིན་པ་དང་སྦྲགས་ཁྱིམ་ཚང་གི་བཟང་སྤྱོད་ཀྱང་ཉམས་ཆག་ཕྱིན་ཡོད། དེར་བརྟེན་ད་ཆ་ནང་གི་བཟང་པོའི་རིན་ཐང་གོང་མཐོར་གཏོང་མཁན་ཤེས་ཡོན་བསྟི་གནས་གསར་པ་དགོས་རྒྱུ་གལ་ཆེ་ཆགས་ཡོད་ཅེས་བཀའ་སྩལ་བ་མ་ཟད། སྐབས་དེར་མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་མཛད་ཁུར་གསུམ་གྱི་ཐོག་མ་སྟེ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐུབ་ཀྱི་ཡོད་སྐོར་བཀའ་སློབ་སྩལ་གྲུབ་བསྟུན། མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད། དེ་རྗེས་ཚོགས་བཅར་བ་ཞིག་གིས་ཉེ་ལམ་རྒྱ་ནག་སྲིད་གཞུང་གིས་རྒྱ་རིགས་མཁས་དབང་ཁག་གཅིག་འཛིན་བཟུང་བྱས་པའི་ཐོག་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་སྟབས་མ་ལེགས་པ་ཞིག་ལ་ད་ཆ་རྒྱ་ནག་འགོ་ཁྲིད་ཚོས་མཁྲེགས་བཟུང་གི་བསམ་བློའི་ཐོག་ནས་དམ་བསྒྲགས་ཆེ་རུ་གཏོང་བཞིན་པའི་བརྒྱུད་རིམ་དེའི་འོག་རྒྱ་མི་རིགས་ཀྱི་གཅེས་ནོར་ངོམས་སུ་ཆོག་པའི་མཁས་དབང་དང་སྒྱུ་རྩལ་བ་རྣམས་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་སྲིད་བྱུས་དེ་ཡུན་གནས་མི་ཐུབ་པ་ཞིག་ཡིན་སྐོར་བཀའ་ལན་སྩལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མིན་ནི་སོ་ཊའི་མཛད་འཕྲིན་རྣམས་ལེགས་པར་གྲུབ་མཚམས་ཨ་རིའི་མངའ་སྡེ་ཊེཀ་ས་སིའི་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།