༢༠༡༡ ཟླ་ ༥ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢ ཡས་མས་སུ་ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དར་རྒྱས། རང་ལོ་ ༣༡ ཕ་མིང་ལ་བློ་བཟང་ཡིན་ཟེར་ཞིང། ཁོང་རྔ་པ་རྫོང་མི་མང་ཁྲིམས་ཁང་ཟེེར་བས་ལོ་ ༣ བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་མི་འགྱངས་བར་ས་གནས་གཞན་དུ་སྐྱེལ་རྒྱུ་ཡིན་འདུག
ཁོང་ནི་ཆུང་དུས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ཕྱི་ལོ་ ༢༠༠༣ ཙམ་ནས་དབུས་ཀྱི་གདན་ས་དཔལ་ལྡན་འབྲས་སྤུངས་སུ་ནང་དོན་རིག་པར་སློབ་སྦྱོང་གནང་། ཕྱི་ལོ་ ༢༠༠༨ ལོར་འབྲས་སྤུངས་དགོན་ནས་གྲྭ་མང་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་དངོས་སུ་མཉམ་ཞུགས་གནང་སྐབས་རྒྱ་གཞུང་གི་བརྙན་འཕྲིན་ནང་ཐེབས་རྗེས་འཛིན་བཟུང་གིས་ཟླ་ ༥ ལྷག་རིང་ས་གནས་འདྲ་མིན་གྱི་བཀག་ཉར་ཁང་མང་པོ་བརྒྱུད་དེ་མཐར་རྔ་པར་བསླེབས་ཡོད། དེ་ནས་གནས་སྐབས་རིང་གློད་བཀྲོལ་བཏང་ཡོད་ཀྱང་ག་དུས་སྐད་བཏང་རུང་ལས་ཁུངས་ལ་ཡོང་དགོས་པ་མ་ཟད། རྫོང་ཁོངས་བརྒལ་ནས་ས་གནས་གཞན་དུ་འགྲོ་དགོས་ཚེ་རྒྱ་གཞུང་ལ་སྙན་སེང་ཞུ་དགོས་པ་སོགས་ཀྱི་བཀག་རྒྱ་དམ་པོའི་འོག་གནས་དགོས་བྱུང་ཡོད། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་གློ་བུར་ཁོང་གི་ཤག་ཏུ་ཉེན་རྟོག་པ་དང་དམག་མི་ཡོང་སྟེ་འཛིན་བཟུང་བྱས་འདུག
ཕྱོགས་མཚུངས་རྔ་པ་རྫོང་མཐའ་བ་གོང་མའི་བློ་ཚུལ་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་དཀོན་མཆོག་ཚུལ་ཁྲིམས། རང་ལོ་ ༣༣ ཙམ་ཡིན་ཞིང་ཨ་མའི་མིང་ལ་བསོད་ནམས་སྒྲོལ་མ་ཟེར། ཁོང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ རྗེས་འཛིན་བཟུང་བྱས་ཤིང་། ཕྱི་ཟླ་ ༥ ཚེས་ཤར་ལ་རྔ་པ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ལོ་ ༣ བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་མི་འགྱངས་པར་ས་གནས་གཞན་དུ་སྐྱེལ་རྒྱུ་ཡིན་འདུག དེ་བཞིན་དགེ་འདུན་པ་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་ནང་མཉམ་ཞུགས་བྱས་མི་འདུག ཕྱི་ཟླ་ ༥ ཚེས་ ༥ བར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་གྲྭ་མང་ལྷན་དུ་བསྡུས་ནས་འཚོགས་ཐུབ་མེད་ནའང་། ཕྱི་ཚེས་ ༦ ཉིན་ནས་ངེས་པར་སློབ་གསོ་ཟེར་བ་འཚོགས་དགོས་ལུགས་རྒྱ་གཞུང་གིས་བཙན་ཤེད་བྱེད་ཀྱི་ཡོད་པ་མ་ཟད། ཟླ་བ་གསུམ་གྱི་རིང་སློབ་གསོ་དང་ལེན་བྱས་ན་དེ་ནས་མཚམས་འཇོག་བྱེད་རྒྱུ་ལས་དེ་མིན་ལོ་ཧྲིལ་པོར་དེ་ལྟར་སློབ་གསོ་གཏོང་དགོས་ཀྱང་ཕྱིར་འཐེན་བྱེད་མི་སྲིད་ཚུལ་ཤོད་མུས་ཡིན་འདུག དེ་སྔ་རྒྱལ་ཁབ་ཀྱི་དམག་མི་དང་དམིགས་བསལ་ཉེན་རྟོག་པ། ཉེན་རྟོག་པ་བཅས་ཀྱིས་དགོན་པའི་ཕྱི་ནང་དམ་བསྒྲགས་བཀག་སྡོམ་བྱས་ཡོད། དེང་སྐབས་དམག་མི་རྣམས་ཀྱིས་འགྲིག་ཆས་སེར་པོ་དེ་སྔ་མེད་པ་ཞིག་གྱོན་ནས་ཡོད་པ་མ་གཏོགས་དམག་ཆས་དངོས་གནས་གྱོན་པའི་དམག་མི་དགོན་པའི་ཕྱི་ནང་ལ་དངོས་སུ་མཐོང་རྒྱུ་མེད། འོན་ཀྱང་ཉེ་འཁྲིས་ཀྱི་གད་འོག་སོགས་ལ་རླངས་འཁོར་ནང་ཡིབ་སྡོད་བྱེད་བཞིན་ཡོད་འདུག
དེ་སྔའི་དམག་མི་ལས་ཀྱང་སེར་ཐོ་མ་(སེར་ཐོ་མ་ཞེས་པ་གྲྭ་པ་ཚོས་གྱོན་ཆས་སེར་པོ་གྱོན་པའི་དམག་མི་ལ་འབོད་སྟངས་རེད་)མང་བ་དང། དམིགས་བསལ་ཉེན་རྟོག་པ་དང་ཉེན་རྟོག་མི་སྣས་སྔར་བཞིན་ཕྱི་ནང་ཀུན་ལ་སོ་ལྟ་བྱས་ནས་སྡོད་མུས་ཡིན་པ་མ་ཟད། དགོན་པའི་ཤར་ཕྱོགས་སུ་ལོ་ཤས་གོང་གྲྭ་ཤག་གི་དཀའ་ངལ་ཡོད་པའི་དགེ་འདུན་རྒན་པ་དང་དཔེ་ཁྲིད་དགེ་རྒན་རྣམས་ལ་དགོན་པའི་གྲྭ་བསྟན་པ་ཡར་འཕེལ་ནས་སྦྱིན་བདག་འཚོལ་ཐབས་གནང་སྟེ་ཁང་མིག་མང་པོ་ཡོད་པའི་སྤྱི་ཁང་ཆེན་པོ་ཞིག་བརྒྱབ་ཡོད་པའི་ནང་དེང་སྐབས་དམག་མི་དང་ཉེན་རྟོག་པ་སྡོད་གནས་ཀྱིས་དགོན་པའི་གླིང་བར་ལ་དམག་མི་རྒྱུན་སྡོད་བྱེད་མུས་ཡིནའདུག གྲྭ་ཤག་རེ་རེ་ནང་དཔར་དང་སྒྲ་ལེན་འཕྲུལ་ཆས་བཙུགས་ཡོད་པར་བརྟེན་དགེ་འདུན་པ་རྣམས་ཀྱིས་ནམ་ཡིན་རུང་དོགས་ཟོན་ཆེན་པོ་བྱེད་དགོས་པའི་གནས་སུ་ལྷུང་ཡོད་བཅས། །
—