ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་སྟེང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པ། དོན་ཚན་གོ་བདུན་ནང་གསེས་དང་པོ་ཀ་པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ལ་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་བརྒྱ་དང་གཅིག་ནང་གསེས་དང་པོའི་དགོངས་དོན་ལྟར། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུའི་ཆ་རྐྱེན་འོག་འོས་གཞི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མིར་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་མཆོག ལས་བྱེད་འདེམས་ལྷན་ཚོགས་མི་ཟུར་པ་རྡོ་རྗེ་མཆོག་བཅས་ལ་བསྐོ་བཙུགས་གནང་བས་འོས་གཞི་མི་འགྲོ་གཉིས་ལས་མ་ཉུང་བའི་མིང་ཐོ་འབུལ་དགོས་རྒྱུ་ཞེས་གསལ་བ་བཞིན་ཚོགས་ཆུང་གི་ཚོགས་མི་གསུམ་པོ་སྤྱི་མོས་ཐོག་ནས་འོས་གཞིར་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། སྤྱི་ཁྱབ་ཁྲིམས་དྲུང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་རྣམ་གཉིས་མཐའ་མའི་འོས་གཞིར་བདམས་ཐོན་བྱུང་བ་ཕུལ་ཡོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་གསུམ་པར་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་འདེམས་ཐོན་གནང་ཆེད་སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་ནང་གསང་བའི་་འོས་ཤོག་འཕངས་ཡོད་ཁོངས་ནས་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་འོས་གྲངས་ ༢༣ ཐོབ་ཡོད་པ་དང། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་སུ་འོས་གྲངས་ ༡༨ རྩིས་མེད་ ༡ བྱུང་སྟེ། དཔེ་ཟུར་དབང་འདུས་ཚེ་རིང་ལགསབོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་བདམས་ཐོན་བྱུང་བའི་གསལ་བསྒྲགས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ལས་རིམ་ཐོག་སྤེལ་ཡོད།
དཔེ་ཟུར་དབང་འདུད་ཚེ་
ཕྱི་ལོ་ ༡༩༩༧ ཟླ་ ༦ ཚེས་ ༢༡ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢༡ ཉིན་མན་སྤར་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༣ ཚེས་ ༩ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༢ ཉིན་ཀོ་ལི་གྷལ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༢༢ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༦ ཉིན་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢ དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ཉིན་བོད་ཀྱི་ཟློས་གར་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས་ཀྱིས་ཞབས་ཕྱི་ཞུ་མུས་སུ་ཡིན་པ་བཅས། །