ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །བོད་མི་མང་རྙིང་མའི་སྤྱི་ཟུར་དམ་པ་ཐུབ་བསྟན་ཉི་མ་མཆོག་ཡུན་རིང་སྙུན་གཞིའི་རྐྱེན་པས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢ ཕྱི་དྲོ་ཕྱག་ཚོད་ ༣།༥༠ ཐོག་སིམ་ལར་ཡོད་པའི་ Indra Gandhi Medical College སྨན་ཁང་ནང་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་ནི་ཡབ་པ་སངས་ལགས་དང་ཡུམ་འཇམ་དབྱངས་ལགས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༦༣ ལོར་ཀ་སྦུག་ཏུ་སྐུ་འཁྲུངས། ཁོང་གི་ནང་མིར་བུ་ཕྲུག་བཞི་ཡོད་པ་ལས་དམ་པ་ཁོང་བགྲེས་ཤོས་དེ་ཡིན་ལ། ནང་མིའི་འཚོ་ཐབས་ནི་ཨར་ལས་ཡིན།
དམ་པ་དེ་ཉིད་ནི་ཆུང་དུས་གཞན་ཕན་བསམ་བློ་ཤུགས་ཆེ་ཡོད་མཁན་ཞིག་དང་། རིམ་པས་སིམ་ལ་གཏན་སློབ་ནས་བསླབ་པ་མཐར་སོན་ཏེ། མཐར་ཝར་ཎཱ་མཐོ་སློབ་དུ་ཨ་ཅཱརྱ་བར་སློབ་གཉེར་གནང་། དམ་པ་དེ་ཉིད་རྒྱུན་གཏན་ནས་རང་ཉིད་གནས་སྡོད་ཀྱི་གྲོང་ཁྱིམ་ཁག་ལ་རིན་མེད་ཐོག་བོད་ཡིག་འབྲི་ཀློག་ཐོག་ཟུར་ཁྲིད་གནང་རྒྱུས་མཚོན་པའི་ལས་རིགས་སྣ་མང་ཐོག་འགན་འཁུར་མཉམ་ལེན་ཞུ་མཁན་གྱི་སྐྱེ་བོ་ལྷག་བསམ་ཅན་ཞིག་ཀྱང་ཡིན་པ་དང་། གཞན་ཡང་དམ་པ་དེ་ཉིད་ཀྱིས་སྦིར་རྙིང་མའི་དགོན་པར་དགེ་རྒན་གྱི་ཕྱག་ལས་ཡུན་རིང་གནང་ཡོད་འདུག བོད་མི་མང་སྤྱི་ལྷན་སྐབས་ ༡༡ པའི་རྙིང་མའི་སྤྱི་འཐུས་ཀྱི་ཐུགས་འགན་ཡང་བཞེས་གནང་ཡོད། མདོར་ན། དམ་པ་ཁོང་ནི་ཤེས་ཡོན་ཅན་ཞིག་དང་། འཛིན་སྐྱོང་དོ་དམ་པ། རྩོམ་པ་པོ། དགེ་རྒན་བཅས་པ་གནང་མྱོང་མཁན་ཞིག་དང་། སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་བཀུར་བསྟི་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་གཉེན་ཉེ་དང་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་ཟུར་དམ་པ་མདོ་སྔགས་བསྟན་འཛིན་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ པའི་ཚེས་ ༨ ཉིན་དགུང་གྲངས་ ༧༩ ཐོག་ཨ་རིའི་གྲོང་སྡེ་མེ་ཌི་སན་ Madison དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་ནི་ཕྱི་ལོ་ ༡༩༤༠ ལོར་ཡབ་ལྷུན་གྲུབ་སྐལ་བཟང་ལགས་དང་ཡུམ་འཇམ་དབྱངས་ཆོས་མཚོ་ལགས་གཉིས་ཀྱི་སྲས་སུ་རྒྱལ་ས་ལྷ་སར་སྐུ་འཁྲུངས། དགུང་ལོ་ ༨ ནས་ ༡༤ བར་གྲྭ་བཞི་དམག་སྒར་དུ་བོད་ཡིག་དང་རྩིས་ཀྱི་སློབ་སྦྱོང་གནང་། དེ་ནས་དགུང་ལོ་ ༡༥ ནས་ ༢༡ བར་སྤྱིར་བཏང་གི་དམག་སྦྱོང་ཆ་ཚང་གནང་སྟེ། དམག་ཞབས་ཞུས་རིང་མདོ་སྤྱི་ལྷ་ཀླུའི་སྐུ་སྲུང་ཁོངས་ཆབ་མདོར་ཕེབས། དེ་རྗེས་ཕོ་བྲང་པོ་ཏཱ་ལའི་ཤར་རྒྱུད་གོ་མཛོད་སྲུང་འདོམས་ཞུས། ཕྱི་ལོ་ ༡༩༥༩ ལོར་ནོར་གླིང་ཆུ་རྒྱུད་དགྲ་སྡེ་སྲུང་འགོག་ཞུས་པ་དང་བོད་ཟླ་ ༢ ཚེས་ ༨ པའི་མཚན་མོའི་ཕྱག་ཚོད་ ༡༡ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་རེ་ཞིག་བཙན་བྱོལ་དུ་ལྷོ་བརྒྱུད་ཆིབས་བསྒྱུར་སྐབས་ཆིབས་ཞབས་སྐུ་སྲུང་ཁོངས་སུ་རང་དམག་རུ་ཤོག་གཉིས་དང་བཅས་རྒྱ་བོད་ས་མཚམས་ཆུ་དྭངས་མོ་བར་༸སྐུ་ཕྱྭའི་སྲུང་འདོམས་ཞུས། ལོ་འདིའི་ནང་རྟ་དབང་བརྒྱུད་ཨ་སམ་མི་ས་མ་རིར་ཕེབས།
ཕྱི་ལོ་ ༡༩༦༠ ནང་མ་སུ་རི་གཏན་སློབ་རྩ་འཛུགས་སློབ་གྲངས་ ༥༠ ཁོངས་སུ་ཞུགས། གཞི་རིམ་མ་ཐོན་གོང་ལག་ནུའུ་ Lucknow དུ་དགེ་རྒན་སློབ་སྦྱོང་གནང་སྟེ་མ་སུ་རིར་ལུས་རྩལ་དང་བོད་ཡིག རྩིས་བཅས་ཀྱི་དགེ་རྒན་གནང་། ཕྱི་ལོ་ ༡༩༦༢ ཟླ་ ༢ ཚེས་ ༢༧ ཉིན་ནས་གཞུང་ཞབས་སུ་བཞུགས། ཐོག་མར་ཨོ་རི་ས་དོན་གཅོད་ལས་རོགས་དང་མཉམ་སྦྲེལ་ཚོང་སྤྱིའི་ལས་ཁུར་ཞུས། དེ་ནས་རིམ་བཞིན་སྦིར་ནང་ཆེན་གཞིས་འགོ ནང་སྲིད་དྲུང་ཆེའི་ལས་ཚབ། ནང་སྲིད་དྲུང་ཆེ། བཀའ་དྲུང་བཅས་ཀྱི་མཛད་ཁུར་བཞེས། ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༡༩ ནས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་གྱི་མཛད་འགན་བཞེས། དེ་རྗེས་ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༥ ནས་ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༡ བར་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༩ ནས་ཕྱི་ལོ་ ༢༠༠༢ ཟླ་ ༣ ཚེས་ ༡༧ བར་ཆེས་མཐོའི་ཁྲིམས་ཞིབ་པ་གཞན་བཅས་མཛད་འཁུར་རིམ་པར་བཞེས་གནང་ཡོད། མདོར་ན། དམ་པ་དེ་ཉིད་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་བུ་ཕྲུག་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །སྐབས་ ༡༣ པའི་བོད་མི་མང་མདོ་སྟོད་སྤྱི་ཟུར་དམ་པ་དཀོན་མཆོག་ནོར་བུ་མཆོག་ཡུན་རིང་སྙུན་གཞིའི་རྐྱེན་པས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ སྔ་དྲོ་ཕྱག་ཚོད་ ༥།༠༩ ཙམ་ལ་སྦེལ་ཀོབ་བཞུགས་ཁྱིམ་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན། དམ་པ་ཁོང་ནི་ཡབ་བཀྲ་རྣམ་ལགས་དང་། ཡུམ་ཚེ་དབང་སྒྲོལ་མ་ལགས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༤༢ ཟླ་ ༡ ཚེས་ ༡ ཉིན་ཁམས་སྡེ་དགེར་སྐུ་འཁྲུངས།
ཕྱི་ལོ་ ༡༩༥༧ ལོ་ནས་བཟུང་བསྟན་དགྲ་རྒྱ་མི་དམར་པོར་ངོ་རྒོལ་གདོང་ལེན་གྱིས་དགྲ་འཐབ་རིམ་པ་བྱས། མཐར་ཕྱི་ལོ་ ༡༩༥༩ ལོར་མང་སྣེ་ཉུང་གིས་མ་བརྟན་པར་བོད་མི་སྤྱི་མཚུངས་རྒྱ་གར་ཨ་སམ་བརྒྱུད་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༦༡ ནས་ཕྱི་ལོ་ ༡༩༦༧ བར་ལོ་དྲུག་རིང་གཞིས་གྲོང་གསུམ་པ་དང་བཞི་པ་གཉིས་ཀྱི་ལས་ཞོར་སློབ་གྲྭའི་འགན་ཁུར་ལས་བྱ་ཞུས། གཞིས་གྲོང་ནང་བཅུ་དཔོན་དང་ས་གནས་མི་འཐུས་ཀྱི་ལས་འགན་ལོ་བཞི་རིང་ཞུས། དེ་ནས་གཞིས་གྲོང་གི་སྤྱི་མི་མང་མོས་འོས་འདེམས་བྱུང་བ་བཞིན་མུ་མཐུད་སྤྱི་མིའི་ལས་འགན་ཞུས། ཕྱི་ལོ་ ༡༩༦༣ ལོར་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་ ༤ པའི་བརྒྱ་དཔོན། སློབ་གྲྭའི་ཕ་མའི་འཐུས་མི་བཅས་ཐེངས་མང་གནང་ཡོད། དེ་རྗེས་ས་གནས་མདོ་སྟོད་རྒྱུན་ལས་དང་བོད་རིགས་མདོ་ཁམས་གཞོན་ནུ་ཚོགས་པའི་ཚོགས་གཙོའི་འགན་འཁུར་བཞེས། ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༡༦ ནས་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༦ བར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྐབས་ ༡༧ པའི་ཚོགས་གཙོའི་ཐུགས་འགན་བཞེས་ཡོད། ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༣༠ ནས་ཕྱི་ལོ་ ༢༠༠༦ ཟླ་ ༥ ཚེས་ ༢༩ བར་སྐབས་ ༡༣ པའི་མདོ་སྟོད་སྤྱི་འཐུས་སུ་བདམས་ཐོན་གྱི་ཐུགས་འགན་བཞེས་ཡོད། དམ་པ་དེ་ཉིད་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་གཉེན་ཉེ་དང་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །བོད་མི་མང་དབུས་གཙང་སྤྱི་ཟུར་དམ་པ་པདྨ་ཚེ་དབང་མཆོག་ཡུན་རིང་མཆིན་པའི་སྙུན་གཞིའི་རྐྱེན་པས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༨ ཉིན་རྒྱབ་ཕྱག་ཚོད་ ༡༢།༣༠ ཙམ་ལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་སྐུ་སྒེར་གཟིམ་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་ནི་ཡབ་ཆོས་བཟང་ལགས་དང་། ཡུམ་ལྷག་སྐྱིད་ལགས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༦ ལོར་བོད་དབུས་གཙང་གྲ་ནག་ཏུ་སྐུ་འཁྲུངས། ཆུང་དུས་དམ་པ་དེ་ཉིད་བོད་ནང་བོད་ཡིག་འབྲི་ཀློག་སྦྱོང་མྱོང་ཡོད་པ་དང་། ཕྱིས་སུ་བོད་ལ་དུས་འགྱུར་བྱུང་རྗེས་ཕྱི་ལོ་ ༡༩༦༠ ལོར་དགུང་གྲངས་ ༢༣ ཐོག་བལ་ཡུལ་དུ་བྲོས་བྱོལ་དུ་ཕེབས།
ཕྱི་ལོ་ ༡༩༧༣ ལོར་དཔལ་འབྱོར་ལས་ཁུངས་ནས་མ་རྩ་གནང་སྟེ་ཁེ་འབབ་གཟེངས་བསྟོད་ལེགས་སྐྱེས་བསྩལ། དེ་ནས་ས་གནས་སྟོད་པའི་སྐྱིད་སྡུག་གི་ཚོགས་གཙོ། དབུས་གཙང་དབུས་རྒྱུན་ལས། སྦེལ་ཀོབ་ས་གནས་དབུས་གཙང་ཚོགས་གཙོ་དང་གཞིས་སྒར་གྱི་སྤྱི་མི་ཡང་གནང་འདུག དེ་རྗེས་རིམ་པས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་གཞིས་གྲོང་བརྒྱ་དཔོན་དང་། གཞིས་ཆགས་ཀྱི་མཉམ་འབྲེལ་གྱི་ལས་བྱེད་དང་འགན་འཛིན་བཅས་གནང་།
ཕྱི་ལོ་ ༡༩༧༩ ལོར་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་སྦེལ་ཀོབ་ཕྱུགས་ལྟོ་བཟོ་གྲྭའི་འགན་འཛིན་དང་། གཞིས་སྒར་གྱི་ཚོང་པ་ལོ་ཤས་གནང་། ཕྱུགས་ལྟོ་བཟོ་གྲྭའི་གྲུབ་འབྲས་ལེགས་ཐོན་གྱིས་གཞིས་སྒར་སྤྱི་མི་ལྷན་འཛོམས་སར་བཀའ་བློན་ཁྲི་པས་གཟེངས་རྟགས་གནང་བཞེས་བྱུང་ཡོད། ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ནས་ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༢༨ བར་དང་། ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༢༩ ནས་ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༢༨ བར་སྐབས་ ༡༡།༡༢ གཉིས་ཀྱི་དབུས་གཙང་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་བཞིན་འགན་འཁུར་བཞེས་གནང་ཡོད།
དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་བཀུར་བསྟི་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་གཉེན་ཉེ་དང་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རི་ཅཌ་ ལུའུ་གར་(Sen. Richard Lugar) མཆོག་ཡུན་རིང་བསྙུན་མནར་གྱི་རྐྱེན་པས་ཨ་རིའི་མངའ་སྡེ་ Virginia,ནང་ཡོད་པའི་ Inova Heart and Vascular Institute ནང་དམ་པ་དེ་ཉིད་དགུང་གྲངས་ ༨༧ ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༨ ཉིན་ཀླད་པར་ནད་གཞི་ཕོག་རྐྱེན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། ཕྱི་ལོ་ ༡༩༣༢ ཟླ་ ༤ ཚེས་ ༤ ཉིན་དམ་པ་དེ་ཉིད་ཡབ་སྦར་ཐཱ་ (Bertha) ལགས་དང་ཡུམ་མར་ཝེན་ ལུའུ་གར་ (Marvin Lugar) ལགས་གཉིས་ཀྱི་སྲས་སུ་ཨ་རིའི་མངའ་སྡེ་ Indianapolis ནང་སྐུ་འཁྲུངས། དམ་པ་དེ་ཉིད་ཆུང་དུས་ Indianapolis མི་མང་སློབ་གྲྭར་ཕྱིན་པ་དང་། དེ་ནས་ཕྱི་ལོ་ ༡༩༥༠ ལོར་ Shortridge འབྲིང་རིམ་སློབ་གྲྭ་མཐར་སོན། ཕྱི་ལོ་ ༡༩༥༤ ལོར་ Denison མཐོ་སློབ་དང་། ཕྱི་ལོ་ ༡༩༥༦ ལོར་ལོན་ཌོན་དུ་ Oxford གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༥༦ ནས་ ༡༩༦༠ བར་ལོ་ལྔ་རིང་ཨ་རིའི་མཚོ་དམག་སྡེ་ཁོངས་ནང་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༨ ནས་ཕྱི་ལོ་ ༡༩༧༦ བར་ Indianpolis གྲོང་སྡེའི་སྤྱི་ཁྱབ་སྐབས་ ༤༤ པའི་འགན་འཁུར་ཡང་བཞེས་གནང་ཡོད་འདུག དམ་པ་དེ་ཉིད་ཕྱི་ལོ་ ༡༩༧༧ ནས་ཕྱི་ལོ་ ༢༠༡༣ བར་ཨ་རིའི་མངའ་སྡེ་ Indiana ཁྱབ་ཁོངས་ནས་ཨ་རི་གྲོས་ཚོགས་གོང་མའི་འཐུས་མིའི་ཐུགས་འགན་བཞེས་གནང་ཡོད་འདུག ཕྱི་ལོ་ ༡༩༨༥ ནས་ ༡༩༨༧ བར་དང་ཕྱི་ལོ་ ༢༠༠༣ ནས་ ༢༠༠༧ བར་ཨ་རིའི་ཕྱི་སྲིད་འབྲེལ་མཐུད་ལྷན་ཁང་ནང་གྲོས་ཚོགས་གོང་མའི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོའི་ཐུགས་འགན་བཞེས་གནང་ཡོད་འདུག ཕྱི་ལོ་ ༡༩༩༢ ནས་ ༢༠༠༡ བར་ཨ་རིའི་རྒྱལ་སྤྱིའི་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཕྱག་ལས་གཙོ་རྐང་བཞེས་གནང་ཡོད། ཕྱི་ལོ་ ༡༩༩༥ ནས་ ༢༠༠༡ བར་ཨ་རིའི་སོ་ནམ་ཞིང་ལས་དང་ཟས་བཅུད། ཤིང་ནགས་འདེབས་ལས་བཅས་ཀྱི་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གི་འཐུས་མི་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོར་ཨ་རི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མིར་བདམས་ཐོན་བྱུང་ཡོད། དམ་པ་དེ་ཉིད་ནི་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཞབས་ལོ་རྒན་གྲས་ཀྱི་མཚན་ཐོ་རིམ་པ་ལྔ་པའི་ཁོངས་དང་ཨ་རིའི་གཞུང་འཛིན་ཚོགས་པའི་ཞབས་ལོ་མང་ཤོས་ཀྱི་གྲོས་ཚོགས་འཐུས་མི་ཞིག་ཀྱང་ཡིན་འདུག གཞན་ཡང་དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་ཆེས་མངོན་པར་བསྟོད་པའི་གཟེངས་རྟགས་ལྟ་བུར་ཆ་མཚོན་ན། ཨ་རིའི་རྒྱལ་སྤྱིའི་མང་གཙོ་གོང་འཕེལ་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༠༡ ལོར་དམ་པ་དེ་ཉིད་ཀྱི་ད་བར་ཕྱག་ལས་ཧུར་བསྐྱེད་གནང་བར་མང་གཙོའི་ཞབས་འདེགས་ཀྱི་གཟེངས་རྟགས་ཞེས་པ་འབུལ་བཞེས། ཕྱི་ལོ་ ༢༠༠༥ ལོར་ཨ་རིའི་ཕྱི་སྲིད་ཞབས་ཞུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དམ་པ་དེ་ཉིད་ལ་མི་ཚེ་གང་པོར་ཨ་རིའི་ཕྱི་སྲིད་ལས་དོན་ཐོག་ཕྱག་ལས་གཟེངས་སུ་ཐོན་པ་གནང་བར་ཆེས་མཐོའི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་མཛད་གནང་ཡོད་འདུག གཞན་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་སྐབས་དེའི་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་གི་མཚན་ཐོག་ནས་སྲིད་འཛིན་ཐོབ་དབང་གི་རྟགས་མ་ Presidential Medal of Freedom ཞེས་པའི་གཟེངས་རྟགས་བཅས་འབུལ་བཞེས་བྱུང་འདུག གཞི་རྩའི་དམ་པ་དེ་ཉིད་ཀྱི་ད་བར་ལྗགས་རྩོམ་གནང་བའི་ཕྱག་དེབ་མང་དག་ཅིག་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གདེང་འཇོག་ཆེན་པོ་གནང་བཞིན་པའི་ཕྱག་དེབ་ཁག་གཉིས་ནི། ཨ་རིའི་སྲིད་འཛིན་རྗེས་མར་ཕྱག་བྲིས་ Letter To The Next President ཞེས་པ་དང་། དུས་རབས་རྗེས་མའི་ཨ་རིའི་མི་སེར་ The Next American Century ཞེས་པ་གཉིས་ནི་རྒྱལ་སྤྱིའི་སྟེང་གྲགས་ཆེ་ཞིང་གདེང་འཇོག་ཆེན་པོ་ཐོབ་ཡོད་པ་ཞིག་ཡིན་འདུག
དམ་པ་དེ་ཉིད་ནི་ཡུན་རིང་ནས་བོད་མི་དང་བོད་དོན་ཐོག་ཞལ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེ་ཞིང་། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་ཀྱི་རླབས་ཆེན་གྱི་མཛད་ཁུར་ལ་བསྔགས་བརྗོད་ཞུ་མཁན་ཞིག་དང་།
སྤྱིར་དམ་པ་ཁོང་གིས་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཁག་མང་པོར་རྒྱབ་སྐྱོར་གནང་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གཞུང་གིས་བོད་མིར་འཛིན་པའི་སྲིད་བྱུས་ཞེས་པ་གཏན་འབེབས་གནང་སྐབས་དམ་པ་ཁོང་གིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་འདུག་ལ། གཞན་ཡང་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་རྟགས་མ་འབུལ་བཞེས་མཛད་དགོས་པའི་གྲོས་ཆོད་ཐོག་ལའང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན་འདུག གྲོས་ཚོགས་འཐུས་མི་དང་བློན་ཆེན་དམ་པ་དེ་ཉིད་ནི་ཨ་རིའི་རླབས་ཆེན་གྱི་དབུ་ཁྲིད་གཅིག་ཡིན་པར་མ་ཟད། བོད་དོན་ཐོག་ལ་མཚོན་ནའང་ཞལ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན།
མདོར་ན། དམ་པ་དེ་ཉིད་ལ་མཚོན་ན་ཨ་རིའི་གྲོས་ཚོགས་ནང་ལོ་ངོ་ ༣༠ ལྷག་ཙམ་རིང་ཨ་རིའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཐོག་དགོངས་པ་ཆེ་བཞེས་གནང་མཁན་གྱི་གནད་ཡོད་མི་སྣ་ཞིག་དང་། བོད་མིའི་འཐབ་རྩོད་ཁྲོད་མི་སྣ་གལ་ཆེན་ཞིག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྣང་གཤིན་པའི་སྒོ་ནས་དད་གུས་རྩེ་གཅིག་ཞུ་མཁན་རླབས་ཆེན་གྱི་མི་སྣ་ཞིག་ཀྱང་ཡིན།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་ཤུགས་ཆེ་བྱུང་བར་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། བྱས་བསགས་ཉེས་ལྟུང་མཐའ་དག་བྱང་ཞིང་དག་ནས་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ ཤི་ལ་ཌིག་ཤིཊ་ (Smt. Sheila Dikshit) མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Fortis Escorts Heart Institute) སྨན་ཁང་དུ་དགུང་གྲངས་ ༨༡ ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༣།༥༥ ཙམ་ལ་གློ་བུར་སྙིང་ཁྲག་འགག་པའི་ Cardiac arrhythmia རྐྱེན་གྱི་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད།
ཕྱི་ལོ་ ༡༩༣༨ ཟླ་ ༣ ཚེས་ ༣༡ ཉིན་དམ་པ་དེ་ཉིད་ཡབ་སན་ཇེ་ ཀ་པུར་ (Sanjay Kapoor) མཆོག་དང་ཡུམ་ས་ཝན་ལ་ཊ་ (Swarnalata) མཆོག་གཉིས་ཀྱི་སྲས་མོར་རྒྱ་གར་གྱི་མངའ་སྡེ་ (Punjab) ནང་ Kapurthala ཞེས་པའི་གྲོང་ཁྱེར་དུ་སྐུ་འཁྲུངས།
དམ་པ་དེ་ཉིད་སྐུ་ན་ཆུང་དུས་ (Convent of Jesus and Mary School) ཞེས་པའི་ཡེ་ཤུ་སློབ་གྲྭ་ཞིག་ནང་སློབ་གཉེར་གནང་། དེ་རྗེས་རྒྱ་གར་རྒྱལ་ས་ལྡི་ལིར་ Miranda House ཞེས་པའི་མཐོ་སློབ་ནང་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན།
དེ་ནས་ཕྱི་ལོ་ ༡༩༦༩ ལོར་དམ་པ་ཁོ་མོའི་སྐུ་ཟླའི་པཱ་ལགས་ལ་ཕྱག་རོགས་ཞུ་སླད་ཆབ་སྲིད་ནང་ཐོག་མར་བཞུགས། དེ་རྗེས་ཕྱི་ལོ་ ༡༩༧༠ ཙམ་ལ་དམ་པ་དེ་ཉིད་རྒྱ་གར་ན་གཞོན་བུད་མེད་ལྷན་ཚོགས་ (Young Women’s Association) ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་གནང་ཡོད་འདུག
ཕྱི་ལོ་ ༡༩༨༤ ནང་རྒྱ་གར་གྱི་སྐབས་དེའི་སྲིད་བློན་སྐུ་ཞབས་ Rajiv Gandhi མཆོག་གི་སྣེ་ཁྲིད་པའི་བཀའ་ཤག་ལྷན་ཚོགས་སུ་དམིགས་བསལ་འདེམས་སྒྲུག་གནང་བ་མ་ཟད་གྲོས་ཚོགས་འཐུས་མི་གཙོས་པའི་ལས་སྣེ་མང་དག་ཅིག་གི་འགན་འཁུར་བཞེས་གནང་། ལོ་འདིའི་ནང་ Uttar Pradesh མངའ་སྡེའི་ Kannauj ས་གནས་མངའ་ཁོངས་ཀྱི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང།
ཕྱི་ལོ་ ༡༩༩༠ ཟླ་ ༨ པར་དམ་པ་དེ་ཉིད་ཀྱི་སྣེ་ཁྲིད་འོག་གཞན་ལས་རོགས་མི་གྲངས་ ༨༢ ཀྱི་རྒྱ་གར་མངའ་སྡེ་ Uttar Pradesh ནང་བུད་མེད་ཀྱི་ཐོབ་ཐང་དང་རང་དབང་བཅས་ལ་བཙན་གནོན་བཏང་བར་འགོག་རྒོལ་གྱི་ལས་འགུལ་ཞིག་སྤེལ་བའི་རྐྱེན་གྱི་ཁྱོན་ཉིན་གྲངས་ ༢༣ ཙམ་རིང་བཙོན་བཅུག་བཀག་ཉར་གནང་ཡོད་འདུག དམ་པ་དེ་ཉིད་ལ་མཚོན་ན་ཕྱི་ལོ་ ༡༩༨༤ ནས་ ༡༩༨༩ བར་དུས་ཡུན་ལོ་ལྔ་རིང་རྒྱ་གར་ནང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་གནས་བབ་ (United Nations Commission on Status of Women) ཐོག་མགྲིན་ཚབ་པའི་ཐུགས་འགན་ཡང་བཞེས་གནང་ཡོད་འདུག
གཞན་ཡང་ཕྱི་ལོ་ ༡༩༩༨ ནས་ ༢༠༡༣ བར་ཁྱོན་ལོ་ངོ་བཅོ་ལྔ་དང་། སྐབས་ཐེངས་གསུམ་བསྟུད་མར་ལྡི་ལི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་གནང་ཡོད། དམ་པ་ཁོང་ནི་ད་བར་ལྡི་ལི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་སྤྱི་ཡོངས་ནང་བུད་མེད་ཀྱི་སྤྱི་ཁྱབ་བློན་ཆེན་དུས་ཡུན་རིང་ཤོས་དེའང་ཆགས་ཡོད་འདུག ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་ཀེ་རེ་ལ་མངའ་སྡེའི་གཞུང་འཛིན་ Governor of
Kerala དུ་བསྐོ་གཞག་སྩལ་ཏེ། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༥ ཉིན་ལས་གནས་ནས་དགོངས་ཞུས་གནང་ཡོད་འདུག
དམ་པ་དེ་ཉིད་ལ་སྔ་རྗེས་རིམ་པའི་ནང་ཆེས་བསྟོད་དང་གཟེངས་རྟགས་འབུལ་བཞེས་ཁག་ཅིག་ནི།
༡། རྒྱ་གར་གསར་འགོད་ལྷན་ཚོགས་ནས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་ནང་སྤྱི་ཁྱབ་བློན་ཆེན་རྩེ་ཕུད་ཀྱི་བྱ་དགའ།
༢། རྒྱ་གར་ NDTV གསར་འགྱུར་ལྷན་ཁང་ནས་ཕྱི་ལོ་ ༢༠༠༩ ལོའི་ཆབ་སྲིད་པ་ (Politician of the Year) ཞེས་པའི་ གཟེངས་ རྟགས།
༣། ཨི་རྒྱ་སྤྱི་ཚོགས་ཞེས་པའི་ (Indo-Iran Society) ཚོགས་པ་ནས་ཕྱི་ལོ་ ༢༠༡༠ ལོར་ (Dara Shikoh)ཞེས་པའི་ བྱ་དགའ།
༤། རྒྱ་གར་རྒྱལ་ཡོངས་སྐུ་སྐྱེ་མ་མཐུན་ཚོགས་ནས་བུད་མེད་སྤྱི་ཚོགས་ཞབས་ཞུ་བ་གཟེངས་ཐོན་རྣམས་ལ་ཕྱི་ལོ་ ༢༠༡༣ ལོར་ལོ་ངོ་བཅུ་ཕྲག་གཅིག་གི་ལྡི་ལི་བུད་མེད་བྱས་རྗེས་ཅན་ཞེས་པའི་བྱ་དགའ་བཅས་གོང་གསལ་བྱ་དགའ་ཁག་འབུལ་ བཞེས་བྱུང་འདུག
ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༠ ཉིན་དམ་པ་ཁོང་ (Delhi Pradesh Congress Committee) ཡི་ཚོགས་གཙོར་བདམས་ཐོན་བྱུང་འདུག དམ་པ་ཁོང་གི་སྐབས་དུས་སུ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ CNG སྤྱི་སྤྱོད་རླང་འཁོར་ཐོག་མར་དབུ་བཙུགས་གནང་འདུག ཁོང་གིས་ལྗགས་རྩོམ་གནང་བའི་ལྡི་ལིའི་མི་སེར་ཞེས་པ་དེར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཁོང་ལ་ཚད་མཐོའི་ཆེ་བསྟོད་དང་དགའ་མོས་གནང་བཞིན་ཡོད། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོར་རྒྱ་གར་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་བཏང་གནང་ཡོད། བོད་མི་དང་བོད་དོན་ཐོག་དམ་པ་དེ་ཉིད་ཀྱིས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་བདེ་སྡུག་ལ་གཟིགས་རྟོག་དང་། ལྷག་པར་རྒྱལ་ས་ལྡི་ལིར་གནས་སྡོད་བོད་མི་ཚོར་དམིགས་བསལ་གྱིས་གཟིགས་རྟོག་གནང་ཡོད། དམ་པ་དེ་ཉིད་སྐུ་འཚོ་བཞུགས་སྐབས་ཁོང་གིས་བོད་མི་ཚོ་ཐུགས་ལ་བཅངས་ནས་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པའི་ཐོག་བོད་དོན་ལས་འགུལ་སྣེ་ཁྲིད་མཁན་ཞིག་དང་བོད་དང་བོད་མིའི་གྲོགས་པོ་བློས་ཐུབ་ཅན་ཞིག་ཡིན་ཅིང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྣང་ཆེན་པོའི་ཐོག་དད་གུས་རྩེ་གཅིག་ཞུ་མཁན་རླབས་ཆེན་གྱི་མི་སྣ་ཞིག་ཀྱང་ཡིན།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་ཆེན་པོ་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། བྱས་བསགས་ཉེས་ལྟུང་མཐའ་དག་བྱང་ཞིང་དག་ནས་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །རྒྱ་གར་གྱི་མ་རྡི་ཡ་ པར་དྷེ་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་སྦ་བུ་ལླ་ གྷོར་ Babulal Gaur མཆོག་རྒྱ་གར་གྱི་གྲོང་སྡེ་ Bhopal ནང་རྟེན་གཞི་བྱས་པའི་ (NARMADA) སྨན་ཁང་དུ་དགུང་གྲངས་ ༨༩ ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༡ རེས་གཟའ་ལྷག་པ་ཉིན་སྙིང་ཁྲག་འགགས་པའི་རྐྱེན་གྱི་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཕྱི་ལོ་ ༡༩༣༠ ཟླ་ ༦ ཚེས་ ༢ ཉིན་དམ་པ་དེ་ཉིད་རྒྱ་གར་གྱི་མངའ་སྡེ་ (Uttar Pradesh) ས་ཁུལ་ Naugir ཏུ་སྐུ་འཁྲུངས། དམ་པ་ཁོང་ཆུང་དུས་ཁུལ་དེའི་སློབ་གྲྭ་ཆ་ཚང་འགྲིམས་ཏེ། ཕྱི་ལོ་ ༡༩༥༦ ལོར་ Jan Sangh ཚོགས་པའི་དྲུང་ཆེའི་ཐུགས་འགན་བཞེས་གནང་ཡོད་འདུག དེ་རྗེས་ཕྱི་ལོ་ ༡༩༥༨ ལོར་ Vikram University མཐོ་སློབ་ནས་འབྱུང་རིག་སྡེ་ཚན་ཐོག་རིག་གནས་རབ་འབྱམས་པ་བསླབ་པ་མཐར་སོན་པ་དང་། དེ་རྗེས་ཕྱི་ལོ་ ༡༩༦༥ ལོར་ཁྲིམས་ལུགས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། དམ་པ་དེ་ཉིད་ལ་མཚོན་ན། ཆབ་སྲིད་ཀྱི་མདུན་སྤོས་ཐོག་མ་ནི། ཚོང་དོན་ལྷན་ཚོགས་ཀྱི་འགོ་ཁྲིད་ནས་བཟུང་སྟེ། རིམ་པས་ཕྱི་ལོ་ ༡༩༧༤ ལོར་དམ་པ་དེ་ཉིད་སྦོ་པལ་ས་གནས་གྲོས་ཚོགས་ནང་རང་དབང་ཅན་གྱི་སྡེ་ཚན་ Janata Party ཚོགས་པའི་རྒྱབ་སྐྱོར་འོག་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་།
དེ་རྗེས་ཕྱི་ལོ་ ༡༩༧༧ ལོར་དགུང་གྲངས་ ༢༥ སོན་སྐབས་དམ་པ་དེ་ཉིད་ཧ་ར་ཡ་ན་མངའ་སྡེའི་གཞུང་འཛིན་ལྷན་ཚོགས་ནང་བློན་ཆེན་ལོ་ན་ཆུང་ཤོས་གྲས་ཤིག་དང་། ཕྱི་ལོ་ ༡༩༧༩ ལོར་རང་ལོ་ ༢༧ ཐོག་ཧ་ར་ཡ་ན་མངའ་སྡེའི་ Janata Party ཡི་ཚོགས་གཙོའི་ཐུགས་འགན་བཅས་བཞེས་གནང་ཡོད། མདོར་ན། ཕྱི་ལོ་ ༡༩༧༧ ནས་ ༡༩༨༢ བར་དང་། ཕྱི་ལོ་ ༡༩༨༧ ནས་ ༡༩༩༠ བར་དུས་ཡུན་སྐབས་གཉིས་རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་འཛིན་སྐྱོང་བློན་ཆེན་གྱི་ཐུགས་འགན་བཞེས་གནང་ཡོད།
ཕྱི་ལོ་ ༡༩༩༠ ཟླ་ ༣ ཚེས་ ༧ ནས་ཕྱི་ལོ་ ༡༩༩༢ ཟླ་ ༡༢ ཚེས་ ༡༥ བར་ས་གནས་ནང་ཁྲིམས་སྒྲིག་གི་ལས་དོན། གྲོས་ཚོགས་ལས་དོན། མི་མང་འབྲེལ་མཐུད། གྲོང་ཁྱེར་གྱི་བདེ་འཇགས། ས་ཁང་དང་རྡོ་བཞུན་རླངས་རྫས་ངལ་སེལ་བསྐྱར་གསོ་བཅས་ཀྱི་འཛིན་སྐྱོང་བློན་ཆེན་གྱི་ཐུགས་འགན་བཞེས་གནང་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༤ ནས་ཕྱི་ལོ་ ༢༠༠༣ ཟླ་ ༡༢ ཚེས་ ༧ བར་མ་རྡི་ཡ་ པར་དྷེ་ཤ་གྲོས་ཚོགས་ནང་ཕྱོགས་འགལ་ཚོགས་པའི་འགན་འཛིན་གྱི་ཐུགས་འགན་བཞེས་གནང་ཡོད། དམ་པ་དེ་ཉིད་ནས་ཕྱི་ལོ་ ༢༠༠༤ ཟླ་ ༨ ཚེས་ ༢༣ ནས་ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༢༩ བར་མ་རྡི་ཡ་ པར་དྷེ་ཤའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་གནང་ཡོད།
གཞི་རྩའི་བློན་ཆེན་དམ་པ་དེ་ཉིད་ནི་རྒྱ་གར་གྱི་རླབས་ཆེན་དབུ་ཁྲིད་གཅིག་དང་། བོད་དོན་ཐོག་ལ་མཚོན་ནའང་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། སྦོ་པལ་གྲོང་སྡེའི་ནང་གནས་སྡོད་བོད་མིའི་དགུན་ཚོང་སྐྱིད་སྡུག་ཚོར་རྒྱུན་མཁོའི་བལ་གོས་ཚོང་ལས་ཀྱི་ཁྲོམ་སའི་མཚོན་དཀའ་ངལ་མང་དག་ཅིག་ལ་འཛེམས་ཟོན་ཏིལ་འབྲུ་ཙམ་ཡང་མེད་པར་མཐུན་འགྱུར་རོགས་མགོན་གང་ཐུབ་གནང་མཁན་གྱི་བློན་ཆེན་བཀའ་དྲིན་ཅན་ཞིག་ཀྱང་ཡིན།
དམ་པ་དེ་ཉིད་ལ་མཚོན་ན་རྒྱ་གར་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཐོག་དགོངས་པ་ཆེ་བཞེས་གནང་མཁན་གྱི་གནད་ཡོད་ཅན་ཞིག་དང་། བོད་མིར་རྒྱུན་མཁོའི་འཚོ་གནས་ཁྲོད་དགོས་ངེས་ཀྱི་མི་སྣ་གལ་ཆེན་ཞིག་ཀྱང་ཆགས་ཡོད།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་ཆེན་པོ་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། བྱས་བསགས་ཉེས་ལྟུང་མཐའ་དག་བྱང་ཞིང་དག་ནས་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །རྒྱ་གར་བྷི་ཧར་མངའ་སྡེའི་མི་མང་སྟོབས་ཤུགས་གཅིག་སྒྲིལ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་དམ་པ་རམ་ ཅན་ཊྲ་ པྶ་ཝན་ (Ram Chandra Paswan) མཆོག་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ ( Ram Manohar Lohia ) སྨན་ཁང་དུ་དགུང་གྲངས་ ༥༦ ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༡ རེས་གཟའ་ཉི་མ་ཉིན་སྙིང་ཁྲག་འགགས་པའི་རྐྱེན་གྱི་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
ཕྱི་ལོ་ ༡༩༦༢ ཟླ་ ༡ ཚེས་ ༡ ཉིན་དམ་པ་དེ་ཉིད་ཡབ་ཇ་མུ་ནཱ་ དྷ་ས་ (Late Shri Jamun Das) ལགས་དང་ཡུམ་ སི་ཝ་ དྷི་ཝི་ (Smt. Siya Devi) ལགས་གཉིས་ཀྱི་སྲས་སུ་རྒྱ་གར་གྱི་མངའ་སྡེ་ (Bihar) ས་ཁུལ་ Khagaria དུ་སྐུ་འཁྲུངས། དམ་པ་དེ་ཉིད་ཆུང་དུས་ནས་སློབ་གྲྭ་འགྲིམས་ཏེ་དེ་རྗེས་མཐོ་སློབ་མཐར་སོན་གནང་།
ཕྱི་ལོ་ ༡༩༨༤ ཟླ་ ༤ ཚེས་ ༡༢ ཉིན་ལྕམ་སྐུ་ (Smt. Sunaina Kumari) ལྷན་དུ་འཁྲུངས་ས་བསྐྱོན་པ་དང་། ཁོང་གཉིས་ལ་ཕྲུ་གུ་བུ་གཉིས་དང་བུ་མོ་གཅིག་བཅས་ཁྱོན་ཕྲུ་གུ་གསུམ་ཡོད་འདུག ཕྱི་ལོ་ ༡༩༩༩ སྐབས་ ༡༣ ནས་སྦི་ཧར་མངའ་སྡེ་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མིར་ལོ་ལྔ་ཚན་བཞི་ཕྱི་ལོ་ ༢༠༡༩ བར་སྐབས་ ༤ རིང་བསྟུད་མར་བདམས་ཐོན་གྱིས་ཐུགས་འགན་བཞེས་གནང་ཡོད་འདུག ཕྱི་ལོ་ ༡༩༩༩ ནས་ ༢༠༠༠ བར་གྲོང་ཁྱེར་དང་གྲོང་རྡལ་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་ནང་ཚོགས་མིའི་འགན་འཁུར་བཞེས་གནང་བ་དང་། ཕྱི་ལོ་ ༢༠༠༠ ནས་ ༢༠༠༤ བར་གཏེར་ཁ་དང་གཏེར་དངོས་དོ་དམ་ལྷན་ཚོགས་ཀྱི་སློབ་སྟོན་པའི་འགན་འཁུར་བཞེས། ཕྱི་ལོ་ ༢༠༠༢ ནས་ ༢༠༠༤ བར་ཚོང་ལས་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་གནང་། ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༥ ཉིན་ནང་སྲིད་ལས་དོན་ཚོགས་ཆུང་གི་རྒྱུན་ལས་ཚོགས་མི་གནང་། ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༥ ཉིན་སྤྱི་ཚོགས་དྲང་བདེན་དང་ནུས་ཤུགས་གོང་འཕེལ་གྱི་རྒྱུན་ལས་ཚོགས་མི་གནང་།
གཞི་རྩའི་དམ་པ་དེ་ཉིད་ནི་རྒྱ་གར་གྱི་རླབས་ཆེན་ཆབ་སྲིད་པ་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་ལ་མཚོན་ནའང་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ནས་བཟུང་ད་བར་མུ་མཐུད་བོད་དོན་ཐོག་འགན་འཁུར་ཆེ་བཞེས་གནང་མཁན་ཞིག་དང་། སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ཞིག་གཞུང་འབྲེལ་ལྡི་ལིར་བོད་དོན་ཞུ་གཏུག་ལས་འགུལ་སྐབས་དམ་པ་དེ་ཉིད་དང་མཇལ་འཕྲད་བྱུང་བ་མ་ཟད་བོད་དོན་ཐོག་ཐུགས་སྣང་ཆེན་པོ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་བློས་ཐུབ་ཅན་ཞིག་ཡིན།
དམ་པ་དེ་ཉིད་ལ་མཚོན་ན་རྒྱ་གར་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཐོག་དགོངས་པ་ཆེ་བཞེས་གནང་མཁན་གྱི་གནད་ཡོད་ཅན་གྱི་མི་སྣ་ཞིག་དང་། བོད་མིའི་ཉིན་རེའི་རྒྱུན་མཁོའི་འཚོ་བའི་གནས་སྟངས་ཁྲོད་མི་སྣ་གལ་ཆེན་ཞིག་ཀྱང་ཆགས་ཡོད།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་ཆེན་པོ་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། བྱས་བསགས་ཉེས་ལྟུང་མཐའ་དག་བྱང་ཞིང་དག་ནས་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་རམ་ ཇེཌ་མ་ལ་ནི་ (Ram Jethmalani) དམ་པ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་སྒེར་གཟིམ་ཤག་ཏུ་དགུང་གྲངས་ ༩༥ ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༨ རེས་གཟའ་ཉི་མའི་སྔ་དྲོ་ཕྱག་ཚོད་ ༧།༤༥ ཙམ་ལ་བགྲེས་ནད་རྐྱེན་པའི་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཕྱི་ལོ་ ༡༩༢༣ ཟླ་ ༩ ཚེས་ ༡༤ རེས་གཟའ་པ་སངས་ཉིན་དམ་པ་དེ་ཉིད་ཡབ་བོལ་ཅནྜ་ གྷོར་མུཀ་དྷ་ས་ ཇེཌ་མ་ལ་ནི་ (Bhoolchand Gurmukhdas Jethmalani) མཆོག་དང་། ཡུམ་པར་པ་ཌི་ བོལ་ཅནྜ་ (Parbati Boolchand) མཆོག་རྣམ་གཉིས་ཀྱི་སྲས་སུ་ Shikarpur ཞེས་པའི་གྲོང་ཁྱེར་ཆུང་ཆུང་ཞིག་ནང་སྐུ་འཁྲུངས།
དམ་པ་དེ་ཉིད་སྐུ་ན་ཆུང་དུས་ནས་སློབ་མ་གཞན་དང་མི་འདྲ་བ་བློ་རིག་བཀྲ་ཞིང་རིག་སྟོབས་ལྡན་པ་ཞིག་དང་། དགུང་ལོ་ ༡༣ སྟེང་ (Sindh Model High School) ཞེས་པའི་ཧིན་རྡུའི་སློབ་གྲྭ་ཞིག་ནང་སློབ་སྦྱོང་གནང་། དེ་རྗེས་ (Bombay University) ནང་ཁྲིམས་ཀྱི་སློབ་སྦྱོང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་བསླབ་པ་མཐར་སོན། དམ་པ་དེ་ཉིད་ཀྱི་ཆུང་དུས་ནས་སློབ་ཚན་དང་རྩེད་མོ་དགའ་ཤོས་ནི་ཁྲིམས་ལུགས་རིག་པ་དང་བྱ་སྒྲོ་ (Badminton) གཉིས་ཡིན་འདུག ཡབ་དམ་པས་དམ་པ་ཁོང་ལ་མ་འོངས་པར་ཨར་ལས་འཆར་འགོད་པ་ Engineer ཞིག་ཆགས་འདུན་ཤུགས་ཆེ་གནང་ཡོད་ཀྱང་། དམ་པ་དེ་ཉིད་ཀྱི་ཆེས་དགའ་མོས་ཀྱི་སློབ་ཚན་ནི་ཁྲིམས་ལུགས་རིག་པ་ཡིན་པ་དང་། གཞན་ཡང་དམ་པ་དེ་ཉིད་ཀྱི་ཡབ་དང་སྤོ་སྤོ་ལགས་དམ་པ་གཉིས་ཀྱང་ཁྲིམས་རྩོད་པ་གནང་མྱོང་བ་ཞིག་ཡིན་སྟབས་རང་བཞིན་གྱིས་ཁོང་ལ་སེམས་ཤུགས་འཕར་མ་ཞིག་དང་། རྒྱ་གར་གྲོས་ཚོགས་འོག་མའི་ནང་སྐབས་གཉིས་བསྟུད་མར་གྲོས་ཚོགས་འཐུས་མི་གནང་བ་དང་། ཕྱི་ལོ་ ༡༩༧༥ ནས་ ༡༩༧༧ བར་ཛ་དྲག་དུས་ཡུན་དེའི་རིང་རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ལུགས་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་བཞེས། ཕྱི་ལོ་ ༡༩༧༧ ལོར་འཛམ་གླིང་ཞི་བདེའི་ཁྲིམས་ལུགས་ལྷན་ཚོགས་ཞེས་པའི་ཚོགས་པ་དེས་དམ་པ་ཁོང་ལ་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བྱ་དགའ་ཞིག་ཀྱང་འབུལ་བཞེས་གནང་། ཕྱི་ལོ་ ༡༩༨༧ ལོར་དམ་པ་དེ་ཉིད་ནས་ (Bharat Mukti Morcha)ཞེས་པའི་ཆབ་སྲིད་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་གསར་པ་ཞིག་སྤེལ་གནང་། ཕྱི་ལོ་ ༡༩༨༨ ལོར་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་ཐོག་མར་བྱུང་བ་དང་། ཕྱི་ལོ་ ༡༩༩༥ ལོར་དམ་པ་དེ་ཉིད་སྒེར་ངོས་ནས་ (Pavitra Hindustan Kazhagam) ཞེས་པའི་ཚོགས་པ་གསར་པ་ཞིག་ཀྱང་གསར་འཛུགས་གནང་བ་མ་ཟད་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་མང་གཙོའི་ལམ་ལུགས་འདི་ཡང་ཕྱི་གསལ་ནང་གསལ་ཞིག་དགོས་པ་དེ་ཡིན། ཕྱི་ལོ་ ༡༩༩༦ ལོར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ཨ་ཌལ་ བི་ཧ་རི་ ཝཇ་པ་ཡེ་འཛིན་སྐྱོང་ལྷན་ཁང་ནང་ (law,justice and company affairs) བློན་ཆེན་མཚན་གནས་བཞེས། ཕྱི་ལོ་ ༢༠༡༠ ལོ་ནས་གྲོས་ཚོགས་གོང་མའི་ནང་དུས་ཡུན་ཆ་ཚང་རིང་གྲོས་ཚོགས་འཐུས་མིའི་འགན་བཞེས་གནང་ཡོད།
དམ་པ་དེ་ཉིད་ནི་རྒྱ་གར་གྱི་གྲགས་ཆེ་བའི་ཁྲིམས་རྩོད་པ་ཞིག་དང་ཆབ་སྲིད་པ་བགྲེས་མྱོང་ཅན་ཞིག་ཡིན། རྒྱ་གར་གྱི་ (Law and Justice) བློན་ཆེན། (Urban Development) གྲོང་ཁྱེར་ཡར་རྒྱས་བློན་ཆེན། རྒྱ་གར་དབུས་གཞུང་གི་ཁྲིམས་རྩོད་ལྷན་ཚོགས་ཀྱི་གཙོ་སྐྱོང་བ་བཅས་གནང་ཡོད།
དམ་པ་ཁོང་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་མང་དག་ཅིག་ལ་རྒྱ་ཆེའི་ཀློག་པ་པོ་དག་གི་དགའ་མོས་ཆེན་པོ་གནང་བ་དང་། ད་བར་དམིགས་བསལ་གྱི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་གང་མང་ཞིག་སྤེལ་གནང་ཡོད། སྐུ་ཚེ་ཧྲིལ་པོར་རྒྱ་གར་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་བཏང་གནང་ཡོད། བོད་མི་དང་བོད་དོན་ཐོག་དམ་པ་དེ་ཉིད་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་དང་འབྲེལ་བའི་ཚོགས་འདུ་མང་དག་ཅིག་ནང་ཚོགས་མགོན་དུ་ཆེད་ཕེབས་གནང་ཡོད་པ་དང་། སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ཁག་ལྡི་ལིར་གཞུང་འབྲེལ་གྱི་བོད་དོན་ཞུ་བསྐུལ་ཆེད་བཅར་སྐབས་མཇལ་འཕྲད་ཀྱི་གོ་སྐབས་སྐབས་འཕྲལ་དཀའ་ངལ་མེད་པར་གནང་གི་ཡོད། གཞན་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་གཙོས་ལྷན་ཚོགས་མང་དག་ཅིག་ནང་མཉམ་བཞུགས་གནང་ཐུབ་པ་བྱུང་ཡོད། དམ་པ་དེ་ཉིད་རྟག་ཏུ་རྒྱ་གར་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་སྐོར་ཆ་ཤས་བཞེས་གནང་བ་མ་ཟད་དབུ་མའི་ལམ་གྱི་ཐོག་སྐུ་སྒེར་གྱི་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། ད་བར་བོད་དོན་གླེང་སྟེགས་དང་འབྲེལ་བའི་ཛ་དྲག་གི་གྲོས་ཆོད་གཏན་འབེབས་དགོས་གལ་ནམ་བྱུང་ལ། རྒྱ་གར་གྲོས་ཚོགས་འཐུས་མི་ཚོར་ས་རྟགས་བསྡུ་རུབ་ལ་སོགས་པའི་ལས་འགུལ་མང་པོར་མཉམ་ཞུགས་རམ་འདེགས་གནང་ཡོད་པ་དང་། དམ་པ་དེ་ཉིད་སྐུ་འཚོ་བཞུགས་སྐབས་ཁོང་གིས་བོད་མི་ཚོ་ཐུགས་ལ་བཅངས་ནས་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པའི་ཐོག་བོད་དོན་ལས་འགུལ་སྣེ་ཁྲིད་མཁན་ཞིག་དང་བོད་དང་བོད་མིའི་གྲོགས་པོ་བློས་ཐུབ་ཅན་ཞིག་ཡིན་ཅིང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྣང་གཤིན་པའི་སྒོ་ནས་དད་གུས་རྩེ་གཅིག་ཞུ་མཁན་གྱི་རླབས་ཆེན་གྱི་མི་སྣ་ཞིག་ཀྱང་ཡིན།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། བྱས་བསགས་ཉེས་ལྟུང་མཐའ་དག་བྱང་ཞིང་དག་ནས་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད།
སྔོན་གླེང་།
༄༅། །ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་འགོ་བཙུགས་ནས་ད་ལྟ་མི་ལོ་ཧྲིལ་པོ་ ༧༠ ཐམ་པ་འཁོར་གྱི་ཡོད་པ་དང་། རྒྱ་ནག་དམར་གཞུང་གི་བཙན་འཛུལ་དྲག་གནོན་འོག་རང་དབང་རང་བཙན་ལྡན་པའི་བོད་རྒྱལ་ཁབ་ཆེན་པོའི་སྣོད་བཅུད་ཡོངས་རྫོགས་ལ་རིམ་བཞིན་དབང་བསྒྱུར་བྱས་ཏེ། ༡༩༥༩ ལོར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་ཕྲག་དུ་མ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། འདས་པའི་མི་ལོ་ ༦༠ ལྷག་རིང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་བཏང་མེད་པ་མ་ཟད། ཕྱོགས་གཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱ་ལའི་ཁ་བྲལ་བ་ཞེས་སོགས་མཚན་སྨད་སྐུར་འདེབས་དང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་སྲོལ་ཡིག་ཟེར་བ་སོགས་གཏན་འབེབས་ཀྱིས་ཉེ་བའི་ལོ་ཤས་ནང་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་སྟེ་བླ་སྤྲུལ་སོགས་ཆོས་ལུགས་མི་སྣ་ཁག་ལ་དམིགས་བསལ་ཟབ་སྦྱོང་སྤྲད་པ་སོགས་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་སྐོར་ལ་ཐེ་གཏོགས་བྱ་རྒྱུའི་བྱུས་ངན་ཤུགས་ཆེ་རུ་བཤམ་དང་གཤོམ་བཞིན་པ། གཞན་ཡང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག།ཆོས་དད་རང་དབང་བཙན་འཕྲོག དགོན་སྡེ་ཁག་གཏོར་བཤིག་དང་གྲྭ་བཙུན་ལ་ཚོད་འཛིན། བོད་མི་བོད་སར་བསྐྱོད་རྒྱུའི་འགྲོ་འོང་བཀག་སྡོམ། གཏེར་ཁ་བསྔོག་འདོན་གྱིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་འགོག་རྐྱེན། བོད་མི་མང་པོར་ཉེས་མེད་ནག་འགེལ་གྱིས་འཛིན་བཟུང་བཙོན་འཇུག་དང་དུས་མིན་རྐྱེན་འདས་སུ་བཏང་དང་གཏོང་བཞིན་པ་སོགས་ལ་བརྟེན་བོད་ཀྱི་མི་རབས་བཞི་ཙམ་རིང་རྒྱ་ནག་དམར་གཞུང་ལ་ཞི་རྒོལ་རྔམ་སྟོན་རྒྱུན་ཆད་མྱོང་མེད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༣ གྱིས་རང་ལུས་མེར་བསྲེགས་བཏང་དགོས་སོགས་བྱུང་ཡོད་ཀྱང་། ད་དུང་རྒྱ་གཞུང་གིས་དེ་རྣམས་ལ་བདག་སྤྲོད་དང་ཡ་ལན་གང་ཡང་མེད་པར་མུ་མཐུད་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་བརྟེན་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་དུས་ཀྱི་དགོས་མཁོར་མཐོང་།
གྲོས་ཆོད།
༡། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། བོད་གངས་ཅན་པའི་སྐྱེ་འགྲོ་ཡོངས་དང་ཚེ་རབས་ནས་ཚེ་རབས་སུ་དད་དམ་འབྲེལ་ཞིང་། གཞིས་བྱེས་བོད་མི་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་པར་བརྟེན། རྒྱ་གཞུང་གི་དབང་འཛིན་པ་ཚོས་མཚན་སྨད་སྐུར་འདེབས་ཀྱི་ཁ་བྲལ་ལས་རིགས་རྣམས་མཚམས་འཇོག་བྱ་དགོས། མ་འོངས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཡི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་ཆོས་མེད་སྨྲ་བ་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོར་མེད་པ་ནན་བཤད་བྱ་རྒྱུ།
༢། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་བརྒྱུད་ཞི་མོལ་འགྲིག་འཇགས་ཡོང་ཐབས་ལ་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་གནང་བཞིན་ཡོད་པ་ལྟར། རྒྱ་གཞུང་གི་ངོས་ནས་ཀྱང་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་ཞི་མོལ་འཕྲལ་དུ་འགོ་འཛུགས་དགོས་རྒྱུ།
༣། དེ་སྔོན་གྲོས་ཚོགས་རིམ་པའི་གྲོས་ཆོད་དགོངས་དོན་ལྟར་རྒྱ་གཞུང་ནས་བོད་ལ་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་དང་། ༸པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ། འཛིན་བཟུང་བཙོན་འཇུག་དང་བཀག་ཉར་ལས་གྲོལ་བ་རྣམས་ཀྱི་ཚེ་སྲོག་ལ་འགན་ཁུར། གཞི་རྩའི་འགྲོ་བ་མི་ཡི་ཐོབ་ཐང་དང་ཆོས་དད་རང་དབང་བཙན་འཕྲོག་བྱས་པ་རྣམས་མཚམས་འཇོག གཏེར་ཁ་བསྔོག་འདོན་སོགས་ཀྱིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བྱ་རྒྱུ་མཚམས་འཇོག མི་རབས་བཞི་ཙམ་རིང་བོད་མི་རྣམས་ཀྱིས་ཞི་རྒོལ་དང་རེ་འབོད་བྱས་པ་རྣམས་གོ་མེད་ཚོར་མེད་དུ་མ་བཞག་པར་རྒྱ་གཞུང་གི་དབང་འཛིན་པ་ཚོས་བདག་སྤྲོད་ངེས་པར་དུ་བྱ་དགོས།
༤། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ལུགས་གཏན་འབེབས་གནང་ཟིན་པ་ལྟར། ཁྲིམས་ལུགས་དེ་ཉིད་ལག་བསྟར་ཚུལ་མཐུན་ཡོང་ཆེད་ཕྱོགས་ཡོངས་ནས་འགན་ཁུར་ཆེ་བཞེས་དགོས་པའི་རེ་སྐུལ་དང་། དེ་བཞིན་རྒྱ་གཞུང་གི་ཕྱོགས་ནས་བོད་མི་རྣམས་ཀྱི་ཕྱི་བསྐྱོད་ལག་འཁྱེར་བཙན་འཕྲོག་བྱས་པ་སོགས་གང་མགྱོགས་དོ་བདག་ལ་རྩིས་སྤྲོད་དགོས།
༥། རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། མི་སྒེར་བཅས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད། ལྷག་པར་བོད་དོན་ལ་སྨན་པའི་ཁྲིམས་ཡིག་དང་གྲོས་ཆོད་གཏན་འབེབས། ཕྱི་ནང་གི་མཐུན་རྐྱེན་སྦྱོར་སྤྲོད་སོགས་གནང་དང་གནང་བཞིན་པ་ཡོངས་ལ་ཐུགས་རྗེ་བླ་ན་མེད་པ་ཆེ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ལ།།