༢༠༡༡ ཟླ་ ༥ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣ ཉིན་དབྱིན་ཡུལ་གཞུང་ནས་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་དང་སྟབས་བསྟུན་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད་པ་ལྟར། རྒྱལ་ཁབ་དེའི་ནང་རྟེན་གཞི་བྱས་པའི་(Tibet Society) བོད་དོན་རྒྱབ་སྐྱོར་ཚོགས་པས་དབྱིན་ཡུལ་གཞུང་ནས་ད་རེས་ཁ་དན་ཚིག་ལ་གནས་པའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་བོད་ཀྱི་ས་ཁུལ་ཁག་དང་ལྷག་པར་ཨ་མདོ་རྔ་པ་ཁུལ་དུ་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པའི་ཚོགས་པ་ཆེད་གཏོང་ཡོང་ཐབས་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཝེལིམ་ཧེག་(William Hague)ལགས་ཀྱིས་ཕྱི་ཚེས་ ༣ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་གསུང་དོན། རྒྱ་ནག་གཞུང་ནས་དྲག་གནོན་མ་ཡིན་པར་བཅོས་བསྒྱུར་ཐབས་ལམ་དང་ཁྲིམས་མཐུན་ཐོག་ནས་མང་ཚོགས་ཀྱི་མངོན་འདོད་ཁག་སེལ་ཐབས་བྱེད་དགོས་པ་མ་ཟད། ཕྱི་གསལ་ནང་གསལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒྱབ་སྐྱོར་བྱས་པ་ཡིན་ན། རྒྱལ་ནང་དུ་ཆབ་སྲིད་དང་སྤྱི་ཚོགས། དེ་བཞིན་དཔལ་འབྱོར་བཅས་ཀྱི་གནས་བབ་ཐོག་ཕུགས་རྒྱང་རིང་པོའི་ཕན་རླབས་བསྐྲུན་ཐུབ་ཅེས་གསུངས་ཡོད།
ཕྱོགས་མཚུངས་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་བློན་ཆེན་ཇར་མི་བོ་རོ་ཝེན་(Jeremy Browne) ལགས་ཀྱིས་སྐར་མ་བཞི་ཅན་གྱི་བརྙན་པར་འདོན་སྤེལ་གནང་ཡོད་པའི་ནང་། དབྱིན་ཇིའི་གཞུང་ངོས་ནས་རང་དབང་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་རང་དབང་ཅན་གྱི་གསར་འགྱུར་ཞེས་པ་དེ་མེད་དུ་མི་རུང་བ་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་ཡོད། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དབྱིན་ཇིའི་གཞུང་གི་གཏམ་བཤད་དེ་དག་གཞི་རྩར་བཟུང་ཐོག་དེ་གའི་ཚོགས་མི་ཡོངས་ནས་སྐུ་ཞབས་ཇར་མི་བོ་རོམ་ལགས་སུ་ཞུ་ཡིག་ཅིག་ཕུལ་ཡོད་པའི་ནང་། བོད་ཀྱི་ས་ཁུལ་ཁག་དང་ལྷག་པར་ད་ལྟའི་ཆར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེན་འོག་གནས་པའི་ཨ་མདོ་རྔ་པ་ཁུལ་དུ་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པའི་ཚོགས་པ་གཏོང་ཐབས་ཡོང་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ཀྱི་ཡོད་སྐོར་འབོད་སྐུལ་ཞུས་པ་མ་ཟད། བོད་ནང་དུ་བོད་མི་ཚོས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པ་ཙམ་གྱིས་རྒྱ་ནག་གཞུང་ནས་འཛིན་བཟུང་བྱས་པ་རྣམས་དང་། དེ་བཞིན་བོད་ནང་གི་ཞི་རྒོལ་ཁག་གི་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་གློག་འཕྲིན་དང་ཁ་པར། ཡིག་འགྲུལ་སོགས་བརྒྱུད་ནས་མཁོ་སྤྲོད་གནང་མཁན་མི་སྣ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག་པ་བཅས། །
དབྱིན་ཡུལ་གཞུང་ལ་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པའི་ཚོགས་པ་བོད་ནང་ཆེད་གཏོང་དགོས་པའི་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།