༢༠༡༡ ཟླ་ ༥ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་བོད་གཞུང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོང་སྦི་ཆི་ཁུལ་གྱི་བཞུགས་གནས་མགྲོན་ཁང་དུ་ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་དབུས་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས་ཀྱི་ཚོགས་མི་དང་། དུས་ཡུན་རིང་པོར་ཆོས་ཚོགས་དང་འབྲེལ་བ་ཡོད་པའི་དད་ལྡན་ཉམས་ལེན་པ་ཁག་གཅིག་ལ་མཇལ་ཁ་སྩལ་རྗེས་ཁུལ་དེའི་ནང་སྔོན་ནས་གཏན་འཁེལ་ཟིན་པའི་མཛད་འཆར་ཁག་དབུ་འཛུགས་བསྐྱངས་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། འཇིག་རྟེན་བཟང་སྤྱོད་དང་། འགྲོ་བ་མིའི་རིན་ཐང་། སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་ཆེའི་མང་ཚོགས་ལ་བཀའ་སློབ་སྩལ་ཡོད། བཀའ་སློབ་ཀྱི་ལས་རིམ་དེ་ནི་ལྷོ་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁོངས་ཆོས་ལུགས་རིས་མེད་སློབ་མའི་ལྷན་ཚོགས་ནས་གཙོ་བོ་གོ་སྒྲིག་གནང་ཞིང་། ཏཱ་ལའི་བླ་མའི་ཐེབས་རྩ་ཁང་དང་། ཏཱ་ལའི་བླ་མའི་ཀུན་སྤྱོད་བསྟི་གནས་ཁང་ནས་མཉམ་དུ་གཞོགས་འདེགས་གནང་བ་ཞིག་ཡིན། ལྷོ་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་ལུགས་རིས་མེད་སློབ་མའི་ལྷན་ཚོགས་ཀྱི་འགན་འཛིན་ཝ་རུན་སོ་ནི་(Varun Soni) ནས་ཐོག་མར་དགའ་བསུའི་གསུང་བཤད་གནང་ཞིང་། བཀའ་སློབ་གསུང་བཤད་གནང་ཡུལ་ནི་གཙུག་ལག་སློབ་ཆེན་གྱི་གེ་ལན་(Galen) བསྟི་གནས་ཁང་དུ་གོ་སྒྲིག་གནང་ཡོད། ཐོག་མར་༸གོང་ས་མཆོག་གིས་ཉེ་དུས་མགུལ་འཆམ་གྱི་སྐུ་ཁམས་བདེ་མིན་བྱུང་བའི་སྐོར་ལ་བཀའ་སློབ་ཕེབས་དོན། ཉེ་ཆར་ངོས་ཀྱི་མིད་པ་བདེ་པོ་མ་བྱུང་སྟབས་བོད་སྨན་བཟས་པ་ཡིན། འོན་ཀྱང་སྨན་མང་དྲགས་པའི་དབང་གིས་དཀའ་ངལ་ཕྲན་བུ་བྱུང་ཞེས་དང་། ཡང་ཞལ་ཤོབ་དང་སྦྲགས་དེ་ནི་རང་སྡུག་རང་གིས་ཉོས་པ་རེད། འོན་ཀྱང་ད་ལྟ་དྲག་སྐྱེད་བྱུང་ཡོད། གནས་ཚུལ་གང་འདྲ་ཞིག་འཕྲད་རུང་སེམས་པ་ལྷོད་པོར་བཞག་ཐུབ་ན་གཉིད་ཀྱང་ཡག་པོ་ཁུག་ཐུབ་ཅེས་བཀའ་སྩལ་དང་འབྲེལ་༸གོང་ས་མཆོག་གིས་གང་ཉིད་ཐུགས་མྱོང་ལ་གཞིགས་ནས་བཀའ་སློབ་ཕེབས་དོན། ངོས་ཀྱིས་ངོས་འཛིན་ལ་སེམས་པ་ལྷོད་ལྷོད་བྱེད་རྒྱུ་དེས་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོང་གི་འདུག ངོས་རང་ལོ་ ༡༦ སྐབས་སྒེར་གྱི་རང་དབང་བརླགས་པའི་སྐབས་དེར་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་དགོས་བྱུང་། ངོས་རང་ལོ་ ༢༤ སྐབས་རང་གི་ཡུལ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གིས་བཙན་བཟུང་བྱས་པ་དང་། རང་ལ་ཁྱི་ཞིག་ཡོད་པ་དེ་ཡང་བརླགས་སོང་། དུས་ད་ལྟ་ཡིན་ནའང་སྐབས་རེ་གནས་ཚུལ་ལེགས་པ་དེ་འདྲ་གོ་ཡང་། ཁྱོན་ཡོངས་ནས་བཤད་ན་བོད་ནང་གི་གནས་སྟངས་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་མང་པོ་ཡོད། འོན་ཀྱང་ངོས་ཀྱིས་ག་དུས་ཡིན་རུང་སེམས་པ་ལྷོད་ལྷོད་ཡོང་ཐབས་བྱེད་ཀྱི་ཡོད་ཅེས་བཀའ་སློབ་ཕེབས་ཡོད། ༸གོང་ས་མཆོག་གིས་སྐབས་དེར་མི་མང་གྲངས་ ༥༠༠༠ ཙམ་བཅར་ཡོད་པ་རྣམས་ལ་བཀའ་སློབ་སྩལ་དོན། དངུལ་དང་། མིང་གྲགས། དབང་ཆ། བདེ་ཐང་གི་གཟུགས་པོ་བཅས་གལ་ཆེ་ཡང་། གང་ཟག་ཅིག་གི་མཐར་ཐུག་གི་ཡར་རྒྱས་གོང་འཕེལ་ནི་ནང་སེམས་ཀྱི་སྟོབས་ཤུགས་ལ་རག་ལུས་ཡོད། ནང་སེམས་ཀྱི་སྟོབས་ཤུགས་ནི་ཁོང་ཁྲོ་ལས་ཡོང་མི་ཐུབ་ཅེས་བཀའ་སློབ་སྩལ་བ་དང་སྦྲགས་མགོན་པོ་གང་ཉིད་ཀྱིས་འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་། ཆོས་ལུགས་ཁག་འཆམ་མཐུན་གོང་འཕེལ་གཏོང་གནང་མཛད་རྒྱུའི་རླབས་ཆེན་མཛད་ཁུལ་གཉིས་སྐོར་ལ་བཀའ་སློབ་སྩལ། ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། མི་ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད་ལ། བདེ་སྐྱིད་ཐོབ་པའི་ཐོབ་ཐང་ཡང་ཡོད། དེ་བཞིན་ཁྱོན་ཡོངས་ཀྱི་ལོ་རྒྱུས་ལ་བལྟས་ཚེ། རྙོག་གྲ་ཁ་ཤས་ཆོས་ལུགས་ཀྱི་ཐོག་ནས་ཡོང་གི་ཡོད། འོན་ཀྱང་ལྟ་གྲུབ་མི་འདྲ་བ་བེད་སྤྱད་ནས་རྙོག་གྲ་བཟོ་བ་ནི་ཡོངས་སུ་ནོར་འཁྲུལ་རེད། འགྲོ་བ་མིའི་ཐུན་མོང་གི་དམིགས་ཡུལ་ནི་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན། དེ་ལྟར་ཡོང་བར་སྤྱི་ཚོགས་དང་ཁྱིམ་ཚང་ཡག་པོ་ཞིག་ཡོང་བ་བྱེད་རྒྱུ་གལ་ཆེ་ཞིང་། དེ་ཡང་གཙོ་བོ་ང་རང་ཚོ་གང་ཟག་སྒེར་པ་སོ་སོར་རག་ལུས་སྟབས། གལ་སྲིད་མི་རེ་ངོ་རེར་འགྱུར་བ་མ་ཕྱིན་ན། བདེ་སྐྱིད་ལྡན་པའི་འཛམ་གླིང་ཡོང་ཐབས་མེད། ཆོས་ལུགས་ཀྱིས་བདེ་སྐྱིད་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་ཕན་ཐོགས་ཡོད་ངེས་ཀྱང་། དེང་སང་དངོས་ཡོད་གནས་སྟངས་ལ་གཞིགས་ན། ཆོས་ལུགས་གཅིག་པུ་མ་ཡིན་པར། དངོས་དོན་དང་མཐུན་པའི་བདེ་སྐྱིད་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུའི་དམིགས་ཡུལ་མངོན་འགྱུར་ཡོང་བའི་ཐབས་ལམ་འཚོལ་དགོས་ཀྱི་ཡོད། དེར་བརྟེན་འཇིག་རྟེན་བཟང་སྤྱོད་དགོས་ཀྱི་ཡོད། རྒྱ་གར་གྱི་རྩ་ཁྲིམས་ནང་ཆོས་སྲིད་གཉིས་ཁག་ཁག་གི་ལམ་ལུགས་བཟུང་བ་དང་ཆབས་ཅིག་ཆོས་ལུགས་ཡོད་ཚད་ལ་བརྩི་བཀུར་བྱེད་ཀྱི་ཡོད། ངོས་ཀྱི་ཡེ་ཤུ་གྲོགས་པོ་ཁ་ཤས་ཀྱིས་ཆོས་ལུགས་རིས་མེད་ཀྱི་ལྟ་ཚུལ་བཟུང་ན་ཆོས་ལུགས་ལ་བརྩི་བཀུར་མ་བྱས་པར་ངོས་འཛིན་བྱེད་ཀྱི་འདུག འོན་ཀྱང་ངོས་ཀྱིས་དེ་འདྲ་ངོས་འཛིན་བྱེད་ཀྱི་མེད། དེ་སྔའི་རྒྱ་གར་གྱི་སྲིད་བློན་གཞོན་པས་རྒྱ་གར་གྱི་འཇིག་རྟེན་རིང་ལུགས་ཀྱིས་ཆོས་དད་མེད་མཁན་ལ་ཡང་གུས་བརྩི་ཞུ་དགོས་པ་རེད་ཅེས་གསུང་མྱོང་ཡོད། འགྲོ་བ་མི་ལ་འཇིག་རྟེན་བཟང་སྤྱོད་ཀྱི་སློབ་གསོ་ལེན་པའི་ནུས་པ་ཡོད། གང་ཡིན་ཟེར་ན། འགྲོ་བ་མི་ནི་སྲོག་ཆགས་དུད་འགྲོ་དང་མི་འདྲ་བར། རྣམ་དཔྱོད་ཡོད་སྟབས་བློ་སེམས་ཞི་ལྷོད་བཟོ་ཐུབ་མཁན་ཞིག་ཡིན། ཞིང་གཤེགས་ཡེ་ཤུ་བླ་ཆེན་སྤོབ་ཀྱིས་དད་པ་དང་། རྒྱུ་མཚན་གཉིས་མཉམ་དུ་འགྲོ་དགོས་ཀྱི་ཡོད་པ་རེད་ཅེས་གསུང་མྱོང་ཡོད། དེང་སང་གི་དུས་འདིར་དྲོ་སྐྱིད་ལྡན་པའི་སེམས་དང་། ཕྱིའི་ཡར་རྒྱས་དབར་འབྲེལ་བ་དམ་ཟབ་ཡོད་པའི་རྣམ་པ་ཞིག་འཐོན་བཞིན་ཡོད་ཅེས་དང་། དེ་རྗེས་༸གོང་ས་མཆོག་ལ་དྲྭ་རྒྱ་བརྒྱུད་དྲི་བ་ཁག་གཅིག་ཕུལ་ཡོད་པའི་ནང་ནས་དྲི་བ་གཅིག་ནི། དྲང་པོ་བྱེད་པ་དང་། ཉེས་ཅན་པར་སྙིང་རྗེ་བྱེད་པ་གཉིས་དབར་གྱི་འབྲེལ་བའི་སྐོར་ཡིན་ཞིང་། དེ་ཡང་སྦིན་ལ་ཏིན་བསད་པ་དང་། མི་ཚོས་དགའ་སྟོན་བྱེད་ཀྱི་འདུག་པ་དེ་བྱམས་སྙིང་རྗེའི་བློ་དང་མཐུན་གྱི་ཡོད་དམ་ཞེས་པའི་དྲི་བར་མགོན་པོ་ང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། བྱ་སྤྱོད་དེ་དང་། བྱ་སྤྱོད་དེ་རྩོམ་མཁན་གང་ཟག་དབར་དབྱེ་བ་ཕྱེ་དགོས། སྦིན་ལ་ཏིན་ལ་ཆ་བཞག་ན། ཁོ་པའི་བྱ་སྤྱོད་ནི་གཏོར་བཤིག་གི་རང་བཞིན་ཞིག་ཡིན་པ་དང་། དགུ་པའི་བཅུ་གཅིག་གི་དོན་རྐྱེན་ནང་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད། དེར་བརྟེན་ཁོ་པའི་བྱ་སྤྱོད་དེར་དྲང་བདེན་གྱི་བྱ་ཐབས་བཟུང་དགོས་ཀྱང་། བྱ་སྤྱོད་རྩོམ་མཁན་གང་ཟག་དེར་ངེས་པར་དུ་སྙིང་རྗེའི་བློ་ཞིག་སྐྱེ་དགོས་ཀྱི་རེད དེར་བརྟེ་ཡ་ལན་སྤྲོད་པའི་བྱ་ཐབས་གང་འདྲ་ཞིག་བཟུང་ཡང་དེ་ནི་ངེས་པར་དུ་བྱམས་སྙིང་ལྡན་པ་ཞིག་ཡིན་དགོས། བཟོད་བསྲན་གྱི་རྨང་གཞི་ནི་གང་ཟག་གཅིག་གིས་བརྩམས་ཟིན་པའི་བྱ་སྤྱོད་རྣམས་བརྗེད་རྒྱུ་དེ་མ་རེད་ཅེས་བཀའ་ལན་སྩལ། དེ་བཞིན་སློབ་ཕྲུག་གཅིག་གིས་བུ་ལོན་སྤྲོད་འཇལ་ཐུབ་པའི་ཆེད་དྲང་པོ་མེད་པའི་ཚོང་ཁང་གཅིག་ནང་ལས་ཀ་བྱེད་པར་མ་འགྲོ་ཀ་མེད་ཀྱི་གནས་ཚུལ་འཕྲད་པའི་སྐབས་གང་འདྲ་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་རང་ཉིད་རང་གི་མགོན་ཡིན་ཏེ། ཞེས་སོགས་ཀྱི་ལུངས་དྲངས་ནས་བཀའ་ལན་སྩལ་དོན། རང་ཉིད་ནི་སོ་སོའི་དགེ་རྒན་མཆོག་དེ་ཡིན་པས་སོ་སོ་རང་ཉིད་ཀྱིས་ཚོད་དཔག་བྱེད་དགོས་ཞེས་གསུངས། སོ་སོ་རང་ཉིད་ཀྱི་ཀུན་སྤྱོད་མ་དྲང་པ་བྱུང་སྐབས་གང་འདྲ་བྱས་ནས་བསམ་བློ་གཏོང་དགོས་པའི་སྐོར་ལ་མགོན་པོ་གང་ཉིད་མཆོག་གིས་དུག་སྦྲང་གི་འབྲེལ་བའི་ཐོག་ནས་བཀའ་ལན་སྩལ་དོན། གལ་སྲིད་ན་ཚ་འཁྱེར་མཁན་གྱི་དུག་སྦྲང་གིས་སོ་གཅིག་གཉིས་བརྒྱབ་པར་ཁྲག་འཇིབ་པར་བཟོད་བསྲན་ཐུབ་ཀྱང་། གཅིག་མཇུག་གཉིས་མཐུད་ཀྱིས་སོ་བརྒྱབ་པར་ཡོང་ན་བཟོད་བསྲན་བརླགས་སྲིད་ཅེས་བཀའ་ལན་སྩལ་རྗེས་མཇུག་ཏུ་ཤེས་ཡོན་དང་། བསམ་བློའི་གལ་ཆེའི་རང་བཞིན་ནན་བརྗོད་གནང་བའི་ཐོག་ནས་ཐེངས་འདིའི་བཀའ་སློབ་མཇུག་བསྡོམས་མཛད།
ད་ཐེངས་ཀྱི་བཀའ་སློབ་དེ་ནི་ལྷོ་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁོངས་ཆོས་ལུགས་རིས་མེད་སློབ་མའི་ལྷན་ཚོགས་དང་། ཏཱ་ལའི་བླ་མའི་ཐེབས་རྩ་ཁང་། ཨེམ་ཨའི་ཊི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁོངས་ཀུན་སྤྱོད་དང་རིན་ཐང་གི་ཏཱ་ལའི་བླ་མའི་བསྟི་གནས་ཁང་ཐུན་མོང་ནས་གོ་སྒྲིག་ཞུས་པ་ཞིག་རེད།
དེ་བཞིན་ཆོས་ལུགས་རིས་མེད་སློབ་མའི་ལྷན་ཚོགས་ཀྱི་འགན་འཛིན་སར་རཱ་ (Sarrah Shahawy) ལགས་ཀྱིས་གསུང་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྣེ་ལེན་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་གི་གཟི་བརྗིད་ཆེན་པོ་བྱུང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆོས་ལུགས་འཆམ་མཐུན་དང་། ཆོས་ལུགས་རིས་མེད་ཀྱི་དགོངས་པ་ནི་ང་ཚོའི་ཚོགས་པའི་འདོད་ཚུལ་དང་མཐུན་ཞིང་། གང་ཉིད་འདིར་ཕེབས་ནས་བཀའ་སློབ་སྩལ་བ་འདིས་ང་ཚོའི་སློབ་གྲྭས་ཆོས་ལུགས་རིས་མེད་དང་། སྤྱི་ཚོགས་ཀྱི་འགན་འཁུར། བསམ་བློའི་འཇིག་རྟེན། ཚན་རིག་དབར་གོ་བསྡུར་བྱེད་རྒྱུར་སེམས་འགུལ་ཐེབས་པ་མ་ཟད། ཕན་ཐོགས་ཡོང་རྒྱུར་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་ཞེས་གསུངས་ཡོད། དེ་ནས་༸གོང་ས་མཆོག་གིས་ཉིན་དགུང་ལྗགས་སྨིན་མཛད་དེ་བཀའ་སློབ་སྩལ་དོན། ཞལ་འདེབས་འབུལ་མཁན་ཚོས་ཞལ་འདེབས་ཀྱི་དངུལ་རྣམས་གང་འདྲ་བྱས་ནས་བེད་སྤྱོད་གཏོང་གི་ཡོད་མེད་ལྟ་རྒྱུ་གལ་ཆེན་པོ་ཡིན་ཞེས་བཀའ་སློབ་ཕེབས་ཡོད། དེ་རྗེས་བེ་ཝར་ཌ (Bovard) ཞེས་པའི་སློབ་གྲྭའི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་འཇིག་རྟེན་བཟང་སྤྱོད་ཀྱི་ནུས་པ་དང་། དེའི་སྤྱི་ཚོགས་ཀྱི་ནུས་པ་ཞེས་པའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་མཛད། ༸གོང་ས་མཆོག་དང་ལྷན་དུ་བཀའ་མོལ་གནང་མཁན་གྱི་གྲས་སུ་ལྷོ་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་ཆེན་གྱི་ཚན་རིག་མཁས་དབང་ཨན་ཊོ་ནི་ཡོ་ཌེམ་སི་(Antonio Damasio) དང་། སློབ་ཆེན་གྱི་ཁྲིམས་དོན་མཁས་དབང་(Gideon Yaffe )ཝེ་ཇི་ནི་ཡ་སློབ་ཆེན་གྱི་སེམས་ཁམས་མཁས་དབང་(Jonathan Haidt) ཡུ་སི་སྦར་ཁ་ལི་སློབ་ཆེན་གྱི་མཁས་དབང་པི་ཁོ་ཨ་ཡར་(Duncan Williams) བཅས་ཡོད་ཅིང་། གྲགས་ཅན་གསར་འགོད་པ་དང་། ལྷུག་རྩོམ་མཁས་དབང་། ༸གོང་ས་མཆོག་གི་ཕྱག་དེབ་གསར་ཤོས་ཀྱི་རྩོམ་པ་པོ་མཁས་དབང་(Pico Iyer) མཆོག་ནས་བགྲོ་གླེང་གི་ཚོགས་འདུ་གཙོ་སྐྱོང་གནང་ཡོད། བགྲོ་གླེང་ཚོགས་འདུར་གང་ཟག་བྱེ་བྲག་པ་དང་། ཆོས་ལུགས། ཚན་རིག་བཅས་ཀྱི་སྤྱི་ཚོགས་ནང་གི་ཤུགས་རྐྱེན་དང་། དེ་བཞིན་འཇིག་རྟེན་བཟང་སྤྱོད་ཁྲོད་ཀྱི་དོན་སྙིང་སོགས་ལ་ཕན་ཚུན་བཀའ་བསྡུར་གནང་། ༸གོང་ས་མཆོག་གིས། ངོས་ཀྱི་འཇིག་རྟེན་བཟང་སྤྱོད་ཞེས་པ་ནི་འགྲོ་བ་མིའི་རིགས་ཡར་རྒྱས་གོང་འཕེལ་གྱི་སྐོར་ཡིན་ཞེས་དང་། ངོས་ནས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་རྒྱུའི་དམིགས་ཡུལ་གཉིས་ནི་གཅིག་རང་ཉིད་ཀྱི་ཤེས་བྱ་གོང་མཐོར་གཏོང་རྒྱུ་དང་། གཅིག་ཤོས་ནི་ཡ་རབས་བཟང་སྤྱོད་ལ་བརྟེན་ནས་ཚན་རིག་གི་ཤེས་བྱ་རྣམས་དོན་ལྡན་ཅན་དུ་འགྱུར་ཐུབ་པའི་འགན་སྲུང་བྱེད་རྒྱུ་དེ་ཡིན་ཞེས་བཀའ་སློབ་ཕེབས་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་མི་གྲངས་ ༦༠༠༠ ལྷག་ཙམ་ནས་མཉམ་ཞུགས་གནང་ཡོད། ༸གོང་ས་མཆོག་ལྷོ་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་ཆེན་དུ་ཆིབས་སྒྱུར་བསྐྱངས་ཐེངས་དང་པོ་དེ་ཡིན་འདུག་པ་བཅས། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་འཇིག་རྟེན་བཟང་སྤྱོད་དང་། འགྲོ་བ་མིའི་རིན་ཐང་གོང་འཕེལ་སྐོར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།