ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ ཉིན་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་དོན་ཞུ་གཏུག་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས། འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ Society for Threatened Peoples ཞེས་པའི་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚབ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པའི་ཐོག་རྒྱ་ནག་གཞུང་གིས་རང་གི་ཆབ་སྲིད་ཀྱི་དམིགས་སྒོ་བསྒྲུབ་ཆེད་བོད་ཀྱི་ཐུན་མིན་སྲོལ་རྒྱུན་བླ་སྤྲུལ་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ངོས་ནས་ངེས་པར་དུ་དོ་སྣང་བྱེད་དགོས། ཞེས་དང་།
གཞན་ཡང་རྒྱ་ནག་གཞུང་གིས་བོད་མི་བགྲེས་ཡོལ་ཐོན་པའི་ལས་བྱེད་གནས་རྟེན་མཇལ་སྐོར་བྱེད་མཁན་རྣམས་ལ་བཀའ་འགོག་བྱས་པ་དང་། དེ་བཞིན་ལྷ་ས་དང་། ཆབ་མདོ། ལྷོ་ཁ། རྩེད་ཐང་ཁུལ་གྱི་འབྲིང་རིམ་སློབ་གྲྭའི་སློབ་མ་རྣམས་ས་ག་ཟླ་བ་སྟེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྗོགས་པར་སངས་རྒྱས་པའི་དུས་ཆེན་ཉིན་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ནང་ཞུགས་བཅུག་མེད་པ་སོགས་ཀྱི་སྐོར་དང་།
དེ་བཞིན་འདི་ལོར་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རང་དབང་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཐུག་བཅུག་མེད་པ་རེད། ཅེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གཞུང་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག་པ་བཅས། །