༢༠༡༡ ཟླ་ ༥ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་ལོ་སི་ཨེན་ཇི་ལེ་སི་(Los Angeles)ནང་རྟེན་གཞི་བྱས་པའི་ལྷོ་ཁལ་ལི་ཕོར་ནི་ཡའི་(California)གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་ལུགས་རིས་མེད་སློབ་མའི་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་པ་ལྟར་གཙུག་ལག་སློབ་གྲྭ་དེའི་ཆོས་ལུགས་རིས་མེད་ཀྱི་འགན་འཛིན་ཝ་རུན་སོ་ནི་Varun Soni མཆོག་གིས་ཕེབས་བསུ་དང་སྦྲགས་(Galen Center)གེ་ལན་སན་ཊར་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་དང་མང་ཚོགས་རྣམས་ལ་འཇིག་རྟེན་པའི་བཟང་སྤྱོད་དང༌། འགྲོ་བ་མིའི་རིན་ཐང༌། སྤྱི་ཚོགས་བཅས་ཀྱི་བརྗོད་གཞིའི་ཐོག་མི་མང་ཁྱོན་ ༥༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། དངུལ་དང། སྙན་གྲགས། ནུས་སྟོབས། དེ་བཞིན་ཕྱིའི་གཟུགས་པོ་བདེ་ཐང་དགོས་རྒྱུ་གལ་ཆེན་པོ་ཡིན་ནའང་མི་སྒེར་ཞིག་གི་འཚར་ལོངས་དེ་ནང་སེམས་ཀྱི་ནུས་སྟོབས་ལ་རྟེན་དགོས་ཀྱི་ཡོད། ཁོང་ཁྲོའི་ཐོག་ནས་ནང་སེམས་ཀྱི་ནུས་པ་སྲིང་མི་ཐུབ་ཅེས་སོགས་དང། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་མཛད་འགན་གསུམ་གྱི་ནང་ནས་གཙོ་བོ་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་གནང་མཛད་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་གནང་མཛད་རྒྱུའི་སྐོར་བཀའ་སློབ་སྩལ་དོན། འདས་པའི་བྱུང་རབས་ཁྲོད་ཆོས་ལུགས་ཀྱི་མིང་ཐོག་ནས་འཁྲུག་རྩོད་རབ་དང་རིམ་པ་བྱུང་ཡོད། ཆོས་ལུགས་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་རྙོག་གྲ་བཟོས་ན་ནོར་འཁྲུལ་རེད། ཆོས་ལུགས་ཚང་མས་བྱམས་པ་དང། བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་ཤོད་ཀྱི་ཡོད་པ་གཅིག་མཚུངས་ཆགས་ཡོད། སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་ཚང་མས་འདོད་ཀྱི་ཡོད། དེ་ལྟར་ཡོང་བར་སྤྱི་ཚོགས་འཆམ་མཐུན་ལ་རྟེན་པ་དང་དེ་ནི་ཁྱིམ་ཚང་ལ་རག་ལུས་པ་མ་ཟད་ཁྱིམ་ཚང་འཆམ་མཐུན་དེ་བཞིན་གང་ཟག་སྒེར་སོ་སོར་རག་ལུས་ཡོད། མི་སྒེར་སོ་སོའི་འགྱུར་བ་མ་བཏང་བར་འཛམ་གླིང་ནང་བདེ་སྐྱིད་ཡོང་མི་སྲིད། དམིགས་ཡུལ་དེ་བསྒྲུབ་རྒྱུར་ཆོས་ཀྱིས་ཕན་ཐོགས་བྱེད་ཐུབ་ཀྱང་ད་ལྟ་འཛམ་གླིང་གི་དངོས་ཡོད་གནས་སྟངས་ལ་གཞིགས་ཚེ་ཆོས་ལུགས་ལ་མ་རྟེན་པའི་ཐོག་ནས་ང་ཚོའི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐབས་ལམ་ཞིག་འཚོལ་དགོས། དེར་བརྟེན་ཆོས་ལུགས་རིས་མེད་ལ་རྟེན་པའི་བཟང་སྤྱོད་དེ་གལ་ཆེན་པོ་ཆགས་ཡོད། ངོས་ཀྱིས་ཤོད་རྒྱུའི་ཆོས་ལུགས་རིས་མེད་དེ་རྒྱ་གར་གྱི་རྩ་ཁྲིམས་ནང་བཀོད་པའི་ཆོས་ལུགས་ཚང་མར་གུས་བརྩི་ཞུ་རྒྱུ་དེ་ཡིན། དུད་འགྲོ་དང་མི་འདྲ་བར་ང་ཚོ་མི་ལ་རྣམ་དཔྱོད་ཡོད་པར་བརྟེན་སློབ་གསོ་བརྒྱབ་སྟེ་བཟང་པོའི་ཡོན་ཏན་དེ་དག་རང་རྒྱུད་ལ་སྐྱེད་ཐུབ་པ་ཞིག་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་ཀྱི་དྲི་བ་ཁག་ལ་བཀའ་ལན་མཛད། ཚོགས་འདུ་གོ་སྒྲིག་ཞུ་མཁན་ཏཱ་ལའི་བླ་མའི་དགེ་རྩ་དང་ལྷོ་ཁལ་ལི་ཕོར་ན་ཡའི་གཙུག་ལག་སློབ་གྲྭའི་ཆོས་ལུགས་མཐུན་སྒྲིལ་ཚོགས་ཆུང་གཉིས་ཟུང་འབྲེལ་ཐོག་ནས་ཞུས་པ་ཞིག་ཡིན་འདུག
ལྷན་ཚོགས་གྲོལ་མཚམས་༸གོང་ས་མཆོག་གིས་ལྗགས་སྨིན་མཛད་རྗེས་དེར་འདུས་བོད་པའི་སྤྱི་ཚོགས་ལ་དཔལ་འབྱོར་རོགས་རམ་གནང་མཁན་གྱི་སྦྱིན་བདག་ཁག་གཅིག་ལ་རང་ཉིད་ཀྱིས་འགྲོ་གྲོན་དུ་བཏང་བའི་དངུལ་དེ་རྣམས་བེད་སྤྱོད་ཚུལ་མཐུན་གཏོང་གི་ཡོད་མེད་ཞིབ་ཚགས་རྟོག་ཞིབ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་ཡོད།
དེ་རྗེས་༸གོང་ས་མཆོག་གཙུག་ལག་སློབ་གྲྭ་དེའི་བྷོ་བ་ཊི་ཚོགས་ཁང་དུ་(Bovard Auditorium) སྤྱི་ཚོགས་ནང་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་བཟང་སྤྱོད་ཀྱི་རྒྱུ་དང་ངོ་བོ་བྱེད་ལས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ཚོགས་འདུར་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ ༦༠༠༠ ཙམ་ལ་མི་སྒེར་དང་ཆོས་ལུགས། ཚན་རིག་སོགས་ཀྱིས་མིའི་རྒྱུན་ལྡན་སྤྱོད་ལམ་ལ་ཕན་གནོད་ཇི་ལྟར་འབྲེལ་ཚུལ་དང་གནད་དོན་དེར་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་བཟང་སྤྱོད་ཀྱིས་ཕན་ཐོགས་ཇི་ལྟར་བྱེད་ཐུབ་མིན་སོགས་ཀྱི་སྐོར་བགྲོ་གླེང་མཛད་ཡོད་པ་མ་ཟད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་བཟང་སྤྱོད་དེ་དང་བསམ་བློའི་ཡར་རྒྱས་གཉིས་ལ་འབྲེལ་བ་ཇི་ཡོད་སྐོར་འགྲེལ་བཤད་རྒྱས་པར་མཛད། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཚན་རིག་པ་དང་འབྲེལ་བ་མཛད་རྒྱུ་དེར་རྒྱུ་མཚན་གཉིས་ཡོད་ཚུལ་བཀའ་སྩལ་དོན། རྒྱུ་མཚན་དང་པོ་དེ་ངོས་ཀྱི་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་དང་། གཉིས་པ་དེ་ཕྱི་དངོས་པོར་གཞི་བཅོལ་བའི་ཚན་རིག་དེ་བཟང་སྤྱོད་ཀྱི་ཐོག་ནས་མཐུན་ཕྱོགས་སུ་བེད་སྤྱོད་ཇི་འདྲ་གཏོང་རྒྱུའི་ཐབས་ལམ་འཚོལ་རྒྱུ་དེ་ཡིན་ཞེས་བཀའ་སློབ་སྩལ།།