ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༠༌༣༠ ཡས་མས་ཞིག་ལ་ཌལ་ཧོར་ས་གནས་ Gandhi Chowk སུ་རྟེན་གཞི་བྱས་པའི་ཌལ་ཧོར་བོད་མིའི་བཟོ་གྲྭའི་ཚོང་ཁང་དང་། དེའི་ཉེ་འདབས་སུ་ཡོད་པའི་ཡུལ་མིའི་ཟ་ཁང་གཉིས་ལ་མེ་ཤོར་གྱི་གནས་ཚུལ་ཐོས་མ་ཐག ཁུལ་དེའི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ཚོགས་གཞོན། འགན་ལྷན་བཅས་ནས་མེ་གསོད་སྣུམ་འཁོར་ཆེད་འབོད་ཀྱིས་མེ་གསོད་ཐབས་བྱས་འདུག འོན་ཀྱང་མེ་ཤུགས་ཆེ་བར་བརྟེན་ཚོང་ཁང་དང་ཚོང་ཁང་ནང་གི་དངོས་ཟོག་ཆ་ཚང་མེས་འཚིགས་ཟིན་རྗེས་སུ་མ་གཏོགས་མེ་བསད་ཐུབ་མེད་པ་དངོས་འབྲེལ་ཆགས་འདུག
དེ་བཞིན་ས་གནས་འགོ་འཛིན་གྱིས་དེ་མ་ཐག་འབྲེལ་ཡོད་རྫོང་གི་ལས་ཁུངས་ཁག་ལ་མེ་སྐྱོན་སྐོར་སྙན་སེང་ཞུས་པ་ཙམ་མ་ཟད། ཡིག་ངག་གཉིས་ཐོག་ནས་ནང་སྲིད་ལས་ཁུངས་སུའང་སྙན་སེང་ཞུས་པ་ལྟར། ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ལགས་དང་འཛིན་གཞིས་ཚན་འགན་གཉིས་ཕྱི་ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༡༌༣༠ ཐོག་རྡ་ས་ནས་ཕེབས་ཐོན་གྱིས་ཁུལ་དེར་ཕྱེད་ཡོལ་ཆུ་ཚོད་ ༥༌༣༠ ཐོག་འབྱོར་མ་ཐག་མེ་སྐྱོན་ཕོག་སའི་ཚོང་ཁང་ལ་རྟོག་ཞིབ་ནན་ཏན་གནང་བ་དང་། སྐབས་དེར་གཞུང་འཛིན་ཚོགས་པའི་ས་གནས་ལྕམ་པ་རྫོང་གི་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ BJP President D.S Thakur མཆོག་ཁུལ་དེར་གཟིགས་ཞིབ་སླད་ཕེབས་པ་དང་བསྟུན། ནང་སྲིད་དྲུང་ཆེས་བོད་མིའི་བཟོ་གྲྭའི་ཚོང་ཁང་གི་གྱོང་གུད་ཇི་བྱུང་དང་འབྲེལ་བའི་བདེ་སྡུག་ཚོགས་གཙོར་སྙན་སེང་ཞུས་གནང་འདུག
གཞན་ཡང་དྲུང་ཆེས་མེ་སྐྱོན་ཕོག་པའི་ཚོང་ཁང་གི་སྦྱིན་བདག་ས་གནས་ཡུལ་མི་འབྲེལ་ཡོད་དང་ཐུག་འཕྲད་ཀྱིས་ཐུགས་གསོ་གནང་བ་མ་ཟད། བོད་མིར་ད་བར་འཚོ་རྟེན་ཆེད་ཚོང་ཁང་གཡར་བར་ཐུགས་རྗེ་ཆེ་གསུངས། ཕྱོགས་མཚུངས་དྲུང་ཆེས་ཚོང་ཁང་སྦྱིན་བདག་ལ་མ་འོངས་པར་ཡང་ཚོང་ཁང་བསྐྱར་གསོ་ཡོང་ཐབས་དང་། བསྐྱར་གསོ་ལེགས་གྲུབ་བྱུང་མཚམས་ས་གནས་བོད་མིའི་བཟོ་གྲྭའི་ཚོང་ཁང་མུ་མཐུད་རང་འཇགས་ཐོག་གནང་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་འདུག
དེ་ནས་ས་གནས་འགོ་འཛིན་གཙོས་པའི་འགན་ལྷན་དང་ལས་མི་བཅས་ལ་ད་ལྟའི་མེ་སྐྱོན་གོད་ཆག་བྱུང་བར་བོད་མིའི་སྒྲིག་འཛུགས་ངོས་ནས་བློ་ཕམ་དང་སྦྲགས་གདུང་སེམས་མཉམ་སྐྱེ་དང་། ཚོང་ཁང་དེའི་ཡོང་འབབ་ནས་ལས་མི་རྣམས་ཀྱི་གླ་ཕོགས་རྒྱག་སྤྲོད་མཚོན་པའི་འཚོ་བའི་རྟེན་གཞི་གཙོ་བོ་ཞིག་ཆགས་ཡོད་གནས་དང་། མ་འོངས་ཚོང་ཁང་དེ་བཞིན་སླར་གསོ་རྒྱུན་གནས་ཡོང་ཐབས་ཆེད་ཐབས་ལམ་ཇི་ཡོད་ཐོག་བཀའ་བསྡུར་ལྷུག་པོ་གནང་ཡོད།
ཐེངས་འདིར་གོད་ཆག་ལ་བརྟེན་ནས་ཡིད་མ་ཞུམ་པར་མ་འོངས་བསྐྱར་གསོ་དང་ཕུགས་འཕེར་ཡོང་ཐབས་ལ་ཕྱོགས་ཀུན་ནས་འབད་པ་ཧུར་སྐྱེད་དང་འཕྱར་གྲུ་མཉམ་འདེགས་གནང་དགོས་པ་སོགས་ཀྱི་ཐུགས་གསོའི་ལམ་སྟོན་སོགས་གནང་འདུག
མེ་སྐྱོན་གོད་ཆག་དེའི་རྐྱེན་པས་ཚོང་ཟོག་གྱོང་གུད་ཕོག་པ་ཧིན་སྒོར་ནང་ཕབ་ཚེ་ཧིན་སྒོར་ ༢༦,༢༤,༥༧༠ ཕྱིན་ཡོད་པར་ཕྱོགས་ཡོངས་ནས་སྤྱི་མཚུངས་རམ་འདེགས་རོགས་སྐྱོར་ཞུ་འཆར་དང་། མེ་སྐྱོན་གྱི་རྒྱུ་རྐྱེན་ཇི་ཡིན་ཐད་ཉེན་རྟོག་པ་ནས་ཞིབ་འཇུག་ཞུ་མུས་ཡིན་པ་བཅས།