༢༠༡༩ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི༌ལོ་༢༠༡༩ ཟླ་༨ ཚེས་ ༣༠ ཉིན་བཏང་གནས་ནང་འཁོད་དོན། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་དང་ཞ་ལུ་དགོན་པ་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༨ ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༤ ཡོལ་ཙམ་ལ་སྤོན་ཊ་ཆོལ་གསུམ་དུ་ཕེབས་པ་དང་། ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢ ཐོག་སྤོན་ཊ་གཏན་སློབ་ཀྱི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་དང་བཅས་པར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་ལྗགས་ལུང་དང་།
གཞོན་སྐྱེས་རྣམས་ལ་དེང་སྐབས་གོ་ལ་འདིའི་སྟེང་དུ་དཀའ་ངལ་མང་པོ་ཡོད་པའི་ནང་ནས་ཀླན་ཀ་ཆེན་པོ་གཉིས་ཡོད་པ་སྟེ། འཚེ་བ་དང་། ཁོར་ཡུག་ཉམས་ཆག་བཅས་གཉིས་ཡིན་ཞིང་། དཀའ་ངལ་ལ་དེ་དག་ལ་དེང་རབས་གཞོན་སྐྱེས་ཚོས་གདོང་ལེན་བྱེད་ཕྱོགས་དང་། འགན་འཁུར་བྱེད་ཕྱོགས་སྐོར་གྱི་བླང་དོར་གསུང་བཤད་ཟབ་རྒྱས་གནང་བ་དང་།
དེ་རྗེས་བོད་མི་རྒས་འཁོགས་རྣམས་ལ་མཇལ་ཁ་དང་གསུང་བཤད་ཟབ་རྒྱས་གནང་། ཕྱི་ཚེས ༢༧ ཞོགས་པ་ཆུ་ཚོད་ ༩ ཐོག་བྱང་ཆུབ་མཆོད་རྟེན་ལ་རབ་གནས་དང་ཞ་ལུ་དགོན་ཁུལ་གྱི་སེར་སྐྱ་མི་མང་ཡོངས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་། ལས་འབྲས་སྐོར་གྱི་གསུང་ཆོས་བཀའ་དྲིན་བསྐྱངས་པ་དང་། ཕྱི་ཚེས ༢༨ ཞོགས་པ་ཆུ་ཚོད་ ༩ ནས་མི་ཚེ་གཅིག་གི་ནང་དུ་ཚེ་མཇུག་ལ་སླེབས་སྐབས་བསམ་བློ་ཇི་ལྟར་གཏང་དགོས་མིན་སྐོར་སོགས་གསུང་བཤད་ཟབ་རྒྱས་གནང་བ་བཅས།