ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༨ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༨ རེས་གཟའ་ཉི་མ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ས་ཁུལ་མ་ནཱ་ལིར་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་སྩལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་གི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་ར་བར་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་བཀའ་སློབ་སྩལ་དོན། ལག་ལེན་སོ་བདུན་དང་གླང་ཐང་ཚིག་བརྒྱད་གཉིས་ཀྱི་ནང་ནས་གླང་ཐང་ཚིག་བརྒྱད་འདི་བཞིན་པོ་ཏོ་བའི་སློབ་མ་ཤ་ར་བ་དང༌། དགེ་བཤེས་གླང་རི་ཐང་པ་སྟེ་གླང་ཤར་གཉིས་ཞེས་དགེ་བཤེས་གླང་རི་ཐང་པ་ནམ་རྒྱུན་བྱང་ཆུབ་ཀྱི་སེམས་ལ་དགོངས་པ་ཧ་ཅང་བཞེས་ཏེ་ཉམ་ཐག་པའི་སེམས་ཅན་གྱི་སྡུག་བསྔལ་དགོངས་པར་འཁོར་ནས་དུས་རྟག་ཏུ་ཐུགས་སྐྱོ་སྟེ་སྤྱན་ཆབ་བསིལ་ནས་བཞུགས་ཀྱི་ཡོད་པ་རེད།
ཁོང་གིས་བྱང་ཆུབ་པའི་སེམས་ཉམས་བཞེས་གཙོ་བོ་གནང་བ་རེད། གླང་ཐང་ཚིག་བརྒྱད་འདི་ངོས་ཀྱིས་སྟག་བྲག་རིན་པོ་ཆེ་དང་། གླིང་རིན་པོ་ཆེ། སྐྱབས་རྗེ་ཁྲི་བྱང་རིན་པོ་བཅས་ཀྱི་སྐུ་མདུན་ནས་ཞུས་པ་ཡིན། གང་ལྟར་འགྲན་གྱི་དོ་མེད་བླ་མ་གསུམ་གྱི་སྐུ་མདུན་ནས་ངོས་ལ་ཁྲིད་འདི་ཐོབ་ཡོད། གླང་ཐང་ཚིག་བརྒྱད་འདི་ཉུང་ཉུང་ཡིན་སྟབས། སྔོན་མ་ནས་གླང་ཐང་ཚིག་བརྒྱད་ག་དུས་ཡིན་ནའང་འདོན་གྱི་ཡོད། ཚིག་ཉུང་ཉུང་དང་དོན་དག་དངོས་འབྲེལ་ཟབ་པོ་དང་བྱང་ཆུབ་སེམས་སྐོར་བསམ་གྱི་མི་ཁྱབ་པའི་ཚིག་ནུས་པ་ཆེན་པོ་ཞིག་འདུག
བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་ཤོ་ལོ་ཀ་དང་པོ་དེའི་དོན་དག་ཧ་ཅང་རྒྱ་ཆེན་པོ་རེད་འདུག སྔོན་ལ་བདག་ནི་ཞེས་པའི་ཚིག་འདིའི་བདག་ཅེས་པ་ག་འདྲ་ཞིག་ལ་ཟེར་གྱི་ཡོད་པ་བསམ་བློ་གཏོང་དགོས་པ་ཞིག་རེད། ཆོས་ལུགས་ཚང་མས་བདག་ཟེར་རྒྱུ་བཤད་ཀྱི་ཡོད། མུ་སྟེགས་པ་ཚོས་ཁ་སྔོན་གོང་དུ་བརྗོད་པ་ནང་བཞིན་རེད། ཕུང་པོ་ལས་དོན་གཞན་པའི་བདག་དང་། ང་ཚོའི་བློ་ལྷན་སྐྱེས་ལ་ངའི་ལུས་དང་སེམས། ཚོར་བ། འདུ་ཤེས་བཅས་རྗོད་ཀྱི་ཡོད་སྟབས། དེ་དག་ཐམས་ཅད་ལ་དབང་སྒྱུར་མཁན་ཕུང་པོ་ལྔ་པོ་ནི་ལོངས་སུ་སྤྱད་བྱ་དང་། ལོངས་སྤྱོད་པ་པོའི་བདག་ང་ཚོའི་བློ་ལ་ལྷན་སྐྱེས་སུ་ཤར་གྱི་ཡོད། ངའི་ལུས་དང་སེམས་ཞེས་བློ་ལ་ཤར་གྱི་ཡོད། སངས་རྒྱས་པའི་ཆོས་མ་གཏོགས་གཞན་ཆོས་ལུགས་ཚང་མས་ soul དང་ self ཟེར་ནའང་མི་འདུག བདག་ཟེར་རྒྱུ་ཞིག་བཤད་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་བཀའ་ཆོས་དབུ་འཛུགས་མཛད།
བཀའ་ཆོས་རེ་ཞིག་ལེགས་པར་གྲུབ་མཚམས་སྟོན་པ་ཐུབ་པའི་དབང་པོའི་མཚན་སྔགས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། རྒྱལ་ཀུན་མཁྱེན་པའི་རང་གཟུགས་མགོན་པོ་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་སྩལ་ཏེ་མུ་མཐུད་བཀའ་སློབ་སྩལ་དོན། ད་རེས་ཉིན་གྲངས་བཞིའི་རིང་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་དགའ་པོ་བྱུང་། ཁྱེད་རང་ཚོ་ལའང་ཧིན་དིའི་སྐད་སྒྱུར་ཧ་ཅང་ཡག་པོ་འདུག ནམ་རྒྱུན་ངོས་ཀྱིས་རྡ་སར་འཆར་ཅན་བཀའ་ཆོས་བྱེད་སྐབས་ཧིན་དིའི་སྐད་སྒྱུར་བྱེད་བཞིན་ཡོད། ད་རེས་ཁྱེད་རང་ཚོ་ལའང་གོ་བརྡ་འཕྲོད་པོ་དང་ཧ་ཅང་ཡག་པོ་བྱུང་སོང་།
དེ་བཞིན་ཨིན་ཇི། རྒྱ་སྐད་ཐོག་སྐད་སྒྱུར་ཡོད་སྟབས་བོད་སྐད་མི་ཤེས་མཁན་མང་པོ་ཞིག་ལ་ཕན་ཐོགས་བྱུང་ཡོད། གཙོ་བོ་ཆོས་ཆོས་སུ་སོང་དང་མ་སོང་ཟེར་རྒྱུ་འདི་སེམས་རྒྱུད་དུལ་མ་དུལ་རེད། སེམས་རྒྱུད་དུལ་ན་ཆོས་རེད། སེམས་རྒྱུད་མ་དུལ་ན་ཆོས་མ་རེད། ཤེས་སོང་ངམ། དུས་རྒྱུན་དུ་སོ་སོའི་སེམས་ལ་བརྟག་དཔྱད་བྱས་ནས་ལག་ལེན་སོ་བདུན་མའི་ནང་གསུང་པ་ནང་བཞིན་རྒྱུན་དུ་སོ་སོའི་སེམས་ལ་བརྟག་དཔྱད་བྱོས།
ཁྱེད་རང་ཚོ་དེ་རིང་འདིར་ཆོས་འགྲེལ་ལ་ཡོད་པ་དེ་དག་དུས་ཚོད་དེ་འདྲའི་སྐབས་འདིར་༧རྒྱལ་བ་རིན་པོ་ཆེའི་སར་ནས་ཆོས་ཞུས་ནས་ཁྱིམ་མཚེས་རྣམས་ཀྱིས་མི་བཟང་དུ་ཕྱིན་འདུག་ཅེས་དང་། ཁྱིམ་ཚང་ནང་གི་མི་ཚོ་ཡིན་ནའང་ནམ་རྒྱུན་རླུང་ལངས་པོ་དང་ཁ་ཚ་པོ་ཡོད། འོན་ཀྱང་འགྱུར་བ་ཕྱིན་འདུག་ཟེར་རྒྱུ་བྱུང་ན་གནས་སྐབས་ཀྱི་གྲུབ་འབྲས་ཐོན་པ་རེད། དེ་ནས་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་བའི་ཐོག་ནས་སེམས་རྒྱུད་ཇེ་དག་ཏུ་ཕྱིན་ནས་མཐར་སངས་རྒྱས་པའི་གོ་འཕང་ཐོབ་རྒྱུའི་སངས་རྒྱས་ཆོས་ཚོགས་མའི་ནང་སྨོན་ལམ་བརྒྱབ་པ་ནང་བཞིན་སྨོན་ལམ་སྒྲུབ་ཐུབ་པའི་བསམ་བློ་གཏོང་དགོས། ཚང་མས་ཧུར་ཐག་བྱོས་ཨང་། ཚང་མར་བཀྲ་ཤིས་བདེ་ལེགས། ཡང་རྗེས་མར་ཐུག་ཡོང་། ཞེས་བཀའ་སློབ་སྩལ། །