ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༤ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༤ རེས་གཟའ་ཉི་མའི་ཉིན་སྦིར་རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་དུ་སྐྱབས་རྗེ་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་ལ་སྦིར་དང་ཅོན་ཏ་ར་གཞིས་ཁག་གི་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་དང་། བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་གཟབ་རྒྱས་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་རྗེས། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སྐྱབས་རྗེ་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཀའ་དྲིན་རྗེས་དྲན་གྱི་མཛད་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། རྣམ་གྲོལ་གླིང་གི་མཁན་ཆེན་རྣམ་གྲོལ་རིན་པོ་ཆེ། མཁོ་ཁྱིམ་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། བོད་མི་མང་སྤྱི་འཐུས་ཁག་གཅིག སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས། ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས། སྦིར་བོད་མིའི་གཞིས་ཆགས་ཁག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ།
དེ་བཞིན་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། རང་བདེན་ཚོགས་གཙོ། ས་གནས་ཀྱི་སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ལས་བྱེད། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཅར་བའི་དད་ལྡན་སྦྱིན་བདག་དང་ཞལ་སློབ་སོགས་སེར་སྐྱ་མི་མང་ཁྱོན་མི་གྲངས་ ༡༠༠༠ ཙམ་ལྷན་འཛོམས་ཀྱིས་ཐོག་མར་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་དང་སྦྲགས། མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས་ཚོགས་གཞོན་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་སྐྱབས་རྗེ་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་སྒྲོགས་སྦྱང་ཞུས།
དེ་རྗེས་སྦིར་སྡེ་དགེ་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་གྲུབ་བསྟུན་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསུང་བཤད་གནང་། དེ་ནས་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་སྐུ་ཚེའི་ལོ་རྒྱུས་ངོ་སྤྲོད་གནང་གྲུབ་མཚམས། ནང་སྲིད་བཀའ་བློན་མཆོག་དང་། སྡེ་དགེ་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་སྐྱབས་རྗེ་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་ལ་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ།
དེ་རྗེས་ནང་སྲིད་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་སྐྱབས་རྗེ་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་གཟེངས་རྟགས་ཤིག་ཕུལ་ཏེ་གསུང་བཤད་གནང་དོན། ཐོག་མར་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་ནང་སྲིད་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གོང་དུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་གིས་རི་སྤྲུལ་རིན་པོ་ཆེ་མཆོག་གི་མཛད་རྣམ་ངོ་སྤྲོད་གནང་ཟིན་སྟབས་ང་ལ་དམིགས་བསལ་ཞུ་རྒྱུ་མེད། གཉན་འཕྲང་ཅན་གྱི་དུས་སྐབས་དེར་རི་སྤྲུལ་རིན་པོ་ཆེ་མཆོག་གིས་བོད་བསྟན་སྲིད་སླད་ལས་དོན་ཤུགས་ཆེ་གནང་ཡོད།
ཕྱོགས་མཚུངས་སྦིར་དང་ཅོན་ཏ་ར་གཞིས་ཆགས་འགོ་འཛུགས་སྐབས་རིན་པོ་ཆེ་མཆོག་གིས་རོགས་རམ་རྒྱ་ཆེ་གནང་བར་བརྟེན། ད་ཆ་གཞིས་ཆགས་འདི་བཞིན་ཚགས་ཚུད་ངང་གནས་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་ལུགས་ཁག་གི་བླ་ཆེན་དང་། སྤྲུལ་སྐུ་རྣམ་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་རྣམས་ཧྲ་ཏག་ཧྲ་ཏག་འགྲོ་བཞིན་ཡོད། ཉིན་རྒྱབ་ཀྱི་མཛད་སྒོ་ནི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་ཡིན། མང་ཚོགས་ནས་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ལོ་རྒྱུས་ནང་རང་བཞིན་གྱི་གནས་ཀྱི་རེད། རིན་པོ་ཆེ་མཆོག་གིས་བོད་པའི་སྤྱི་ཚོགས་ནང་རོགས་རམ་རྒྱ་ཆེ་གནང་བའི་མཛད་རྗེས་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བཀའ་དྲིན་མཚོན་ཆེད་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད།
སྤྱིར་བཀའ་ཤག་གི་གཟེངས་རྟགས་ནི། རྒྱ་གར་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གནད་ཡོད་མི་སྣ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་རོགས་རམ་གནང་མཁན་རྣམས་ལ་འབུལ་བཞིན་ཡོད། དེ་རིང་འདིར་མགྲོན་འབོད་ལྟར་ལྷན་བཅར་ཞུ་ཐུབ་པར་སྒེར་གྱི་ངོས་ནས་བསྐལ་བ་བཟང་པོ་ཞིག་ཡིན་བསམ་གྱི་ཡོད། མཐའ་དོན་བརྟན་བཞུགས་སྐབས་ཕྱི་ནང་གཉིས་ནས་མཐུན་འགྱུར་གནང་མཁན་དང་། གོ་སྒྲིག་ཞུ་མཁན་ཡོངས་ལ་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་། ནང་སྲིད་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།
དེ་ནས་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཅོན་ཏ་ར་དང་སྦིར་བོད་མི་ཡོངས་ནས་འཕྱར་གྲུ་མཉམ་འདེགས་ཀྱིས་བརྟན་བཞུགས་གོ་སྒྲིག་གནང་བ་འདི་ནི་ནང་ཁུལ་མཐུན་སྒྲིལ་ཡག་པོ་ཡོད་པ་དང་མ་འོངས་པ་དེ་དེ་བཞིན་ཡོང་རྒྱུ་ཡིན་པ་མངོན་གསལ་དོད་པོ་ཞིག་མཐོང་བྱུང་།
ང་བླ་མ་ཞིག་ཡིན་པའི་ཆ་ནས་གཞན་ལ་རོགས་རམ་བྱེད་རྒྱུ་ནི་ངའི་ལས་འགན་ཞིག་ཡིན། དེ་རིང་ང་ལ་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ལས་ལྷག་པའི་བཀའ་དྲིན་ཆེ་བ་སྦྱིན་བདག་རྣམ་པ་ཡིན། ཞེས་གསུངས།
དེ་རྗེས་ར་དགོན་གྲྭ་ཆུང་ཁག་གི་ཞབས་བརྟན་གསོལ་འདེབས་དབྱངས་སུ་གྱེར་མཚམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་ཤེས་རབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྐུ་མགྲོན་དང་མང་ཚོགས་ལ་རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། མཐར་ས་གནས་ཁག་བཞིའི་རིག་གཞུང་ཚོགས་པའི་ངོས་ནས་རྟེན་འབྲེལ་གྱི་གཞས་སྣ་འཁྲབ་སྟོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །