ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྐུ་ཞབས་ཡ་དི་ཡུ་རབ་པ་ B.S. Yediyurappa མཆོག་སླར་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཆགས་པར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་མཛད་དོན།
“སྐུ་ཉིད་ཀྱི་དབུ་ཁྲིད་འོག་མངའ་སྡེའི་མི་མང་རྣམས་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པར་རོལ་ཞིང་། ཡར་རྒྱས་ཀྱི་མདུན་ལམ་བསྙེག་ཐུབ་པར་ངོས་ལ་ཡིད་ཆེས་ཡོད། ལྷག་པར་མངའ་སྡེའི་ནང་གི་དབུལ་ཞིང་ཕོངས་པའི་མི་མང་རྣམས་ལ་དམིགས་བསལ་གཟིགས་རྟོག་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། སྔ་ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་འཁོར་བའི་རྗེས་དྲན་སྲུང་བརྩི་ཞུས་པ་རེད། ཉིད་ཀྱིས་མཁྱེན་ཆུབ་ལྟར། ཀར་ན་ཊ་ཀ་མངའ་སྡེའི་ནང་དུ་བོད་མི་བཙན་བྱོལ་བ་མི་གྲངས་ ༣༠༠༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད། ཕལ་ཆེར་བོད་མི་བཙན་བྱོལ་བ་མང་ཤོས་ཡོད་ས་ཤིག་ཡིན། སྔ་ལོར་ངོས་རང་ཆེད་མངགས་རྒྱལ་ས་བྷེང་ལོར་དུ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་བཅར་བ་ཡིན། བོད་ཀྱི་གདན་ས་ཁག་ལ་མཚོན་ན་རྒྱ་གར་དཔལ་ནཱ་ལེནྡྲའི་རིག་གནས་ལ་སློབ་གཉེར་གནང་ཡུལ་ཡིན། དགོན་པ་དེ་དག་ཀར་ན་ཊ་ཀ་མངའ་སྡེའི་ནང་བསྐྱར་འཛུགས་ཐུབ་པ་ནི་དགའ་སྤོབས་ཀྱི་གནས་ཤིག་རེད།
དེ་ནི་གཙོ་ཆེར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་ Jawaharlal Nehru དམ་པ་ཁོང་གིས་འབོད་སྐུལ་ལྟར། ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཇ་ལིངྒ་པ་ S. Nijalingappa དམ་པ་མཆོག་གིས་ཞལ་བཞེས་བཟང་པོ་གནང་བའི་དྲིན་ཁོ་ན་ལས་བྱུང་ཐུབ་པ་ཞིག་ཡིན། ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་ཆེས་ཐོག་མ་སླེབས་སྐབས་དམ་པ་ཁོང་དང་མཇལ་བ་རེད། ངོས་ཀྱིས་དེ་རིང་སླར་ཡང་གོ་སྐབས་འདི་བརྒྱུད། མངའ་སྡེའི་གཞུང་མང་གཉིས་ནས་ད་བར་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་དང་གནང་མུས་ལ་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཞེས་འཁོད་འདུག
བོད་ཡིག་ཚན་པས་བོད་སྒྱུར་ཞུས། ཨིན་ཡིག་ལ་རྩ་འཛིན་གནང་རོགས།