ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༣ ཉིན་ཨིན་ཡུལ་གྱི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Tim Loughton མཆོག་གིས་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ John Bercow མཆོག་དབུ་བཞུགས་ཐོག རང་ཉིད་ཀྱི་སྐེ་ལ་མཇལ་དར་ཨ་ཤེ་གཅིག་གྱོན་ནས། ཨིན་གཞུང་ནས་རྒྱ་ནག་གཞུང་དང་ལྷན་བོད་ནང་དུ་ཕར་འགྲོ་ཚུར་འོང་ Reciprocal Access to Tibet གི་གོ་སྐབས་འདྲ་མཉམ་དགོས་པའི་ཁྲིམས་ལུགས་གཏན་འབེབས་གནང་རོགས། ཞེས་ཁྲིམས་འཆར་བཏོན་འདུག སྐབས་དེར་ཁོང་གིས། ཨ་རིའི་གཞུང་ནསརྒྱ་ནག་ལ་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་ལུགས་གཏན་འབེབས་གནང་བ་ལྟར། ད་ཆ་ཡུ་རོབ་དང་ཨིན་གཞུང་ནས་ཀྱང་ལངས་ཕྱོགས་དེ་ལྟར་འཛིན་ཐོག རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེ་དག་སྣང་མེད་དུ་བཏང་ཐབས་རྩ་བ་ནས་མེད་ཅེས་པའི་བརྡ་ལན་ཤུགས་ཆེ་ཞིག་གཏང་དགོས་པ་དང་། ཁྲིམས་འཆར་དེ་ལྟར་ན། ཨིན་ཇིའི་ཕྱི་སྲིད་ལས་ཁུངས་ནས་གྲོས་ཚོགས་སུ་ལོ་ལྟར་རྒྱ་ནག་གཞུང་གིས་ཨིན་ཇིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་ཇི་ཙམ་ལ་བོད་ཀྱི་ས་ཁུལ་དུ་ཕེབས་རྒྱུར་མཐོང་མཆན་སྤྲད་ཡོད་མེད་ལོ་འཁོར་སྙན་ཐོ་སྒྲོགས་སྦྱང་ཞུ་དགོས་པ་དང་། གལ་ཏེ་བོད་ཀྱི་ས་ཁུལ་ཙམ་མ་ཟད། རྒྱ་ནག་གི་ས་ཁུལ་གཞན་གི་ནང་བསྐྱོད་རྒྱུར་དམ་བསྒྲགས་བྱས་ཙེ་བྱེད་ལུགས་བྱེད་སྟངས་ཞིབ་ཕྲ་འཁོད་དགོས་པ་དང་། ལོ་སྔ་རྗེས་སུ་དམ་བསྒྲགས་བྱས་པའི་གནས་སྟངས་མཚུངས་བསྡུར་གནང་དགོས་པ་ཁྲིམས་འཆར་ནང་འཁོད་འདུག
དེ་བཞིན་ཁྲིམས་འཆར་དེའི་ནང་དུ་བོད་ནང་ཨིན་ཇིའི་མི་སེར་ལ་དམ་བསྒྲགས་བྱེད་མཁན་རྒྱ་ནག་འབྲེལ་ཡོད་ལས་བྱེད་ཨིན་ཡུལ་ནང་འགྲོ་འོང་གི་ཆོག་མཆན་ལ་དམ་བསྒྲགས་གནང་དགོས་པ། གྲོས་ཚོགས་འཐུས་མི་ཁོང་རང་ཉིད་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་སྟབས། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ ཐོག་བཅར་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་མཇལ་མོལ་གནང་སྐོར།
ཚོགས་ཆེན་ཐེངས་ ༧ ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་ཇི་ཙམ་བཏང་དང་གཏོང་བཞིན་པའི་སྐོར་བགྲོ་གླེང་ལྷུག་པོ་གནང་བ་རྣམས་ལུང་འདྲེན་དང་སྦྲགས། བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བ་དང་། བོད་ཀྱི་གཙང་ཆུ་ཁག་ལ་ཆུ་རགས་ཚད་མེད་བརྒྱབ་ནས་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་བཞི་བཅུ་ཙམ་གྱི་འཐུང་ཆུར་དོ་ཕོག་གཏོང་བཞིན་པའི་སྐོར། ལྷག་པར་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ ཉིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ མཇུག་སྡོམ་མཛད་སྒོར་བསྒྲགས་གཏམ་Riga Declaration ཞིག་སྤེལ་བའི་ནང་དོན་རེ་རེ་བཞིན་གྲོས་ཚོགས་སུ་སྙན་སེང་ཞུ་འདུག བསྒྲགས་གཏམ་དེའི་ནང་དུ་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་སྲེག་གནང་བ་དང་། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་ཞུ་དགོས་པ། བོད་ནང་དུ་རྒྱ་རིགས་མི་འབོར་མུ་མཐུད་སྤོ་བཤུད་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་སོགས་སྙན་སྒྲོན་ཞུས་འདུག ཕྱོགས་མཚུངས་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཨ་རིའི་ནིའུ་ཡོག་གསར་འགྱུར་ཚན་པར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་གལ་སྐོར་གྱི་དྲི་བར་ལན་འདེབས་གནང་བ་ཙམ་ལ་བསྙད་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། པེ་ཅིང་གནས་སྡོད་ཨིན་ཇིའི་གཞུང་ཚབ་པ་མཆོག་ ༢༠༡༧ ནས་བཟུང་ད་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕེབས་རྒྱུར་རྒྱ་ནག་གཞུང་གིས་ཆོག་མཆན་རྩ་བ་ནས་སྤྲད་མེད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་ཡུ་རོབ་མི་སེར་ཡིན་པའི་བོད་མི་ཚོར་བོད་ནང་འགྲོ་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་ནི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
སྤྱིར་གྲོས་ཚོགས་འཐུས་མི་ཁོང་ཕྱི་ལོ་ ༢༠༡༨ ཟླ་ ༩ ནང་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་ནས་བོད་མིའི་མགོན་སྐྱབས་དམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག སྤྱིར་བདུན་ཕྲག་འགའ་ཤས་གོང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨིན་ཡུལ་དུ་འཚམས་གཟིགས་སྐབས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར། ཨ་རིའི་གཞུང་གིས་རྒྱ་ནག་ལ་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་ལུགས་གཏན་འབེབས་གནང་བ་ལྟར་ཨིན་གཞུང་ནས་ཀྱང་ཁྲིམས་འཆར་དེ་འདྲ་ཞིག་གྲོས་ཚོགས་ནང་བཏོན་ནས་ཁྲིམས་སུ་གཏན་འབེབས་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག
ཐེངས་འདིར་ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་ཀྱང་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཚོགས་མཆོག་དང་། ཚོགས་གཞོན་ Chris Law རྣམ་གཉིས་ཀྱིས་གཙོས་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་བཅས།