ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༢ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟིམ་ཆུང་མཇལ་ཁའི་སྐབས་ལྷོ་ཀོ་རི་ཡའི་དད་ལྡན་བཙུན་མ་ཁག་གཅིག་ལ་བཀའ་སློབ་སྩལ་དོན།
བོད་ནང་རྒྱ་མིའི་མཁས་དབང་དེ་འདྲས་ཚན་རིག་ཀུན་བཏུས་ཞེས་པའི་དེབ་དེ་མཐོང་ནས་བོད་ཀྱི་ནང་ཆོས་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དང་ཚན་རིག་དང་མཐུན་པ་རེད་འདུག ཅེས་བརྗོད་འདུག ངོས་ཀྱིས་ཁ་སྔོན་བརྙན་འཕྲིན་ནང་བརྗོད་རྒྱུ་བྱུང་། ཚན་རིག་ནི་ཕལ་ཆེར་མུ་མཐུད་ཡར་རྒྱས་འགྲོ་གི་རེད། ཚན་རིག་དང་མཉམ་དུ་འགྲོ་ཐུབ་མཁན་ནི་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་པུ་ཕལ་ཆེར་རེད། དཔེར་ན་ང་ཚོ་བོད་མིར་མཚོན་ན། དུས་རབས་ ༨ ནང་མཁན་ཆེན་ཞི་བ་འཚོས་བཀའ་གནང་སྟེ་རྒྱ་གར་ནས་བཅོམ་ལྡན་འདས་ཀྱིས་བཀའ་འགྱུར་བསྟན་འགྱུར་དང་། ཀླུ་སྒྲུབ་ཡབ་སྲས་སོགས་མཁས་དབང་ཚོས་མཛད་པའི་བསྟན་བཅོས་བཅས་ཁྱོན་པོ་ཏི་སུམ་བརྒྱ་ལྷག་ཙམ་བོད་ཡིག་ནང་ཡོད་པ་དེ་དག བློ་གྲོས་མེད་མཁན་དང་དོ་སྣང་མེད་མཁན་ཚོས་སྐྱབས་སུ་མཆི་ཟེར་རྒྱུ་ཙམ་མ་གཏོགས་གང་ཡང་མེད། འོན་ཀྱང་ནང་ཆོས་ལ་དོ་སྣང་ཡོད་མཁན་དེ་ཚོའི་གྲས་ཀྱིས་དཔེར་ན། པོ་ཏི་ལྔའི་རྩ་བ་བསྟན་འགྱུར་ནང་ཡོད། དེའི་ཁུངས་ཤེར་ཕྱིན་གྱི་མདོ་ལ་རྩི་སྐབས། གང་ལྟར་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་འདི་ཀློག་དེབ་ལྟ་བུ་ཆགས་འདུག དེ་དག་ལ་བོད་པས་སློབ་སྦྱོང་བྱས་པ་ཡིན་སྟབས་སངས་རྒྱས་པའི་ཆོས་ཀྱི་གོ་རྟོགས་གཏིང་ཟབ་པོ་ཡོད་པ་ཞིག་རེད་འདུག དེར་བརྟེན་ཁྱེད་རང་ཚོས་དེར་དོ་སྣང་བྱས་པ་རེད། ཁྱེད་ཚོ་བློ་གསལ་གླིང་དང་འབྲེལ་བ་ཡོད། མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་ཐད་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་ཏན་ཏན་སངས་རྒྱས་པའི་ལུང་རྟོགས་ཀྱི་བསྟན་པར་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ཞིག་ཆགས་ཀྱི་རེད།