༢༠༡༩ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ལྡི་ལི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ཤི་ལ་ཌིག་ཤིཌ་ Sheila Dikshit མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྲས་སན་ཌཱིབ་ཌིག་ཤིཌ་ Mr Sandeep Dikshit ལགས་ལ་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན།
“སྐུ་ཉིད་ཀྱི་མ་ཡུམ་མཆོག་འདས་གྲོངས་སུ་གྱུར་བར་ངོས་ལ་ཧ་ཅང་བློ་ཕམ་བྱུང་། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་གཞན་དོན་ཆེད་བློས་གཏོང་གནང་བར་བརྟེན། མི་ཚེ་དོན་ལྡན་ཞིག་བྱུང་ཡོད། འདས་པའི་ལོ་མང་རིང་དམ་པ་ཁོང་དང་མཇལ་རྒྱུ་བྱུང་བ་དེ་ནི་ངོས་ལ་ཆེ་མཐོང་ཐོབ་པ་ཞིག་བྱུང་། བོད་མིར་མཚོན་ན་དམ་པ་ཁོང་ནི་ཧ་ཅང་སེམས་ཐག་ཉེ་བའི་གྲོགས་མོ་བློ་ཐུབ་ཅིག་ཡིན། ཞེས་ནང་མི་སྟོན་འཁོར་ལ་ཐུགས་གསོ་དང་སྦྲགས་དམ་པ་དེ་ཉིད་ཀྱི་ཚེ་རབས་ཐོག་མེད་བྱས་བསགས་སྡིག་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པའི་ཐུགས་སྨོན་ཡང་མཛད་པ་བཅས།།