༢༠༡༡ ཟླ་ ༤ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༥ ནས་ ༢༩ བར་ཉིན་གྲངས་ལྔ་རིང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་སློབ་འཛིན་ཚོགས་ཀྱི་ཚོགས་ཁང་ནང་གཞི་རིམ་བར་མའི་དབྱིན་དགེ་རྣམས་ལ་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད། དེ་ཡང་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མའི་དབྱིན་དགེ་རྣམས་ཀྱི་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་ཀྱི་རྩལ་དེ་སྔར་ལས་བཟང་དུ་གཏོང་སླད་ཟབ་སྦྱོང་གོ་སྒྲིག་ཞུས་པ་ཞིག་ཡིན། ཟབ་ཁྲིད་པ་གཙོ་བོའི་ཁོངས་སུ་ལྡི་ལིའི་ཤེས་རིག་སྤྱི་ཁྱབ་ལྷན་ཁང་གི་དབྱིན་ཇིའི་མཐོ་རིམ་སློབ་ཁྲིད་པ་ལྕམ་སྐུ་ནི་ལཱམ་ཀུལ་ཤེ་རེསི་ཐ་(Neelam Kulshreshtha)དང། སཱ་ཝི་ཏ་བྷེལ་(Dr.Savita Bahl) ལགས་རྣམ་གཉིས་ཡིན་པ་དང། དེ་བཞིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱི་ཤེས་ཡོན་སློབ་སྟོན་པ་སྐུ་ཞབས་ཨར་པི་ཤཱར་མ་(Dr.R.P Sharma) ལགས་ཀྱིས་ཀྱང་ཚོགས་ཐེངས་གཉིས་སློབ་ཁྲིད་གནང་རྒྱུ་ཡིན་འདུག ཟབ་སྦྱོང་ཐོག་དབྱིན་དགེ་རྣམས་ལ་འཆད་ཉན་འབྲི་ཀློག་གི་རྩལ་ཡར་རྒྱས་གཏོང་རྒྱུས་གཙོས་སྒྲ་གདངས་དང་མིང་ཚིག་ལ་སོགས་པའི་བརྗོད་གཞིའི་སྟེང་ཟབ་སྦྱོང་གནང་རྒྱུ་ཡིན་འདུག གཞན་ཡང་ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོར་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་རྒྱུ་ཡིན་པ་མ་ཟད། ཁོང་ནས་ཟབ་སྦྱོང་བ་རྣམས་ལ་ལག་འཁྱེར་ཡང་གནང་རྒྱུ་ཡིན་འདུག ཟབ་སྦྱོང་འདིའི་ཐོག་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་དང། སམ་བྷོ་ཊའི་སློབ་གྲྭ། རྡ་ས་དང་མ་སུ་རི་བོད་ཁྱིམ་སློབ་གྲྭ་གཉིས་བཅས་ནས་དགེ་རྒན་གྲངས་ ༢༨ མཉམ་ཞུགས་གནང་ཡོད་པ་བཅས།།
ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མའི་དབྱིན་དགེ་ཁག་གཅིག་ལ་ཟབ་སྦྱོང་གནང་བཞིན་པ།
གསར་གནས།
འབྲེལ་གནས།