༢༠༡༡ ཟླ་ ༤ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་གཞུང་དབུས་འོས་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་དང་འགན་འཛིན་ལས་འཕར་རྣམས་གཉིས་ནས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེེན་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་གྲངས་ ༤༠ བརྒལ་བར་བཙན་བྱོལ་བོད་མི་མང་གིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྐབས་ ༣ པའི་བཀའ་ཁྲི་མཆོག་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མཚན་གཞུང་གསལ་བསྒྲགས་མ་གནང་གོང་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་འོས་བསྡུའི་སྐོར་ལ་འགྲེལ་བརྗོད་གནང་དོན།
འདི་གར་ཕེབས་པའི་རྣམ་པ་ལྷན་རྒྱས་ཚོར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་ཁྱེད་རྣམས་ནས་རྒྱུན་རིང་ངང་སྒུག་བྱས་པའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་བྱས་གོང་ངས་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཁག་ལ་འགྲེལ་བཤད་ཞུ་རྒྱུར་ཚང་མས་ཤེས་གསལ་ལྟར། ངའི་ཕྱག་རོགས་གཉིས་བསྐོ་གཞག་བྱུང་རྗེས་ང་ཚོས་བཀའ་ཁྲི་སྐབས་གསུམ་པ་དང་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་བསྡུའི་ལས་རིམ་གྱི་ལས་འགུལ་གསར་པ་ཞིག་ གཏན་འབེབས་བྱས་ཡོད། སྤྱིར་བཏང་སྔོན་མ་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དུས་ཚོད་ལོགས་སུ་བྱེད་ཀྱི་ཡོད་ཀྱང་། ང་ཚོའི་སྐབས་དེ་གཉིས་དུས་གཅིག་ཏུ་བྱས་པ་རེད། དེར་དགེ་མཚན་ཆེན་པོ་ཞིག་མཐོང་བྱུང། གང་ལ་ཞེ་ན་གཞུང་གི་འགྲོ་སོང་དང་དུས་ཚོད་གཉིས་ལ་ཁེ་ཕན་ཆེན་པོ་བྱུང་ཡོད་པ་མ་ཟད། སྟབས་བདེ་པོ་ཞིག་ཀྱང་བྱུང་ཡོད།
སྤྱིར་བཙན་བྱོལ་བོད་མི་མང་ཆེ་བ་རྒྱ་གར་དུ་གནས་ཡོད། ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ཆ་མཚོན་ན་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ནི་ཧ་ཅང་གལ་ཆེ་བའི་དུས་ཚོད་ཅིག་ཆགས་ཡོད་པར་བརྟེན། ང་ཚོས་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཉིན་བརྒྱ་དུས་གཅིག་ཏུ་བྱས་པ་ཡིན། གལ་ཆེ་བ་ཞིག་ལ་ད་ཐེངས་ཀྱི་འོས་བསྡུ་འདི་སྔར་དང་མི་འདྲ་བར་མི་མང་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད་སྟབས། ང་ཚོའི་ངོས་ནས་ལས་ཁུངས་ནང་ལ་ལས་ཀ་བྱས་པ་དང་ཆབས་ཅིག་ས་གནས་ཁག་ལ་ཕྱོགས་བསྐྱོད་ཀྱིས་འོས་བསྡུ་དང་འབྲེལ་བའི་ལས་རིམ་སྐོར་ལ་འགྲེལ་བཤད་མ་རྒྱག་པ་ཧ་ལམ་ མེད། དེ་བཞིན་མི་མང་ནས་མང་གཙོའི་འོས་འགན་ཤེས་པའི་ཐོག་ནས་ཕྱར་གྲུ་མཉམ་འདེགས་བྱུང་ བར་མ་ཟད།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྐབས་ ༣ པའི་བཀའ་བློན་ཁྲི་པའི་ཐོག་ལ་བགྲོ་གླེང་གནང་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ ཡིན། གང་ལྟར་ང་ཚོ་བཙན་བྱོལ་དུ་གནས་ཡུན་རིང་ང་ཚོའི་བཀའ་སྤྱི་གཉིས་འོས་བསྡུ་བྱེད་དགོས་ཆགས་ཀྱི་ཡོད། དེར་བརྟེན་ཕྱིས་སུ་འོས་བསྡུའི་དུས་ཚོད་ད་ཐེངས་ལྟར་གནང་དགོས་མིན་ནི་སྐབས་དེར་འགན་ཁུར་མཁན་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ཅེས་གསུང་བཤད་གནང་ཡོད།
དེ་རྗེས་འོས་བསྡུའི་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་ཀྱིས་མང་གཙོའི་ལམ་ནས་གསར་དུ་འདེམས་ཐོན་བྱུང་བའི་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཆོལ་ཁ་གསུམ་གྱི་འོས་མི་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་གནང་རྗེས། འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་ཀྱིས་ཨ་རི་དང་ཡུ་རོབ། དེ་བཞིན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་གནང་བ་མ་ཟད། བཀའ་བློན་ཁྲི་པ་མཆོག་གི་མཚན་གཞུང་ཡང་གསལ་བསྒྲགས་གནང་ཡོད། དེ་ནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་དབྱིན་སྐད་ཐོག་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་གསར་འགོད་གསལ་བསྒྲགས་སྤེལ་གྲུབ་རྗེས་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད། ཐེངས་འདིར་དམིགས་བསལ་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཁོངས་སུ་མི་གཉིས་བརྒྱ་ཆ་མ་ལོན་པར་བརྟེན། སླར་ཡང་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གནང་དགོས་སྐོར་ཡང་འགྲེལ་བརྗོད་གནང་བ་བཅས། །