ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་གི་ཡང་སྟེང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཟླ་གསུམ་གྱི་རྩོམ་སྒྱུར་ཟབ་སྦྱོང་དབུ་འབྱེད་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡ ཉིན་རྒྱབ་ཆུ་ཚོད་ ༢༌༣༠ ཐོག་དཔལ་འབྱོར་བཀའ་བློན་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་འབྲེལ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཟབ་སྦྱོང་གི་བྱུང་རིམ་དང་། ཟབ་འཁྲིད་གནང་རྒྱུའི་གནད་དོན། ཟབ་སྦྱོང་རིང་ཞུ་སྒོ་བཅས་ངོ་སྤྲོད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཟབ་སྦྱོང་གི་དུས་ཡུན་རིང་ཚང་མས་བུམ་སྐྱོན་གསུམ་གྱི་བསླབ་བྱ་གཞིར་བཞག་ཐོག་མཉམ་ཞུགས་གནང་དགོས་པ་དང་།
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་རང་དོན་རང་གཅེས་ཀྱིས་ཐུགས་སྣང་དང་སྦྲགས། རང་རེའི་སྤྱི་ཚོགས་ནས་རྩོམ་སྒྱུར་གྱི་ཞབས་ཞུ་སྒྲུབ་ཐུབ་པ་གནང་དགོས་སྐོར་གསུངས་ཡོད། ལྷག་པར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཁོངས་དགེ་བཤེས་དང་། སྐར་རྩིས་པ། གསར་འགྱུར་རིག་པ་བ། སྤྱི་ཚོགས་ཞབས་ཞུ་རིག་པ་བ། སྐད་ཡིག་སྨྲ་བ། སེམས་ཁམས་རིག་པ་བ། རྩིས་ཀྱི་རིག་པ་བ་བཅས་སྣ་འཛོམས་ཡོད་པར་སོང་ཕན་ཚུན་ཤེས་བྱ་ངོ་སྤྲོད་ཀྱིས་ལམ་ནས་རང་ཉིད་ཀྱི་ཤེས་བྱ་གོང་མཐོར་གཏོང་གནང་དགོས་པའི་སྐུལ་མའང་གནང་ཡོད། མཐར་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
ད་རེས་ཀྱི་ཟབ་སྦྱོང་འདི་ནི་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུས་པའི་རྩོམ་སྒྱུར་གྱི་ཟབ་སྦྱོང་ཐེངས་ ༡༤ པ་ཡིན་པ་དང་། ཟབ་སྦྱོང་ནང་སེར་སྐྱ་ཕོ་མོ་གྲངས་ ༣༧ ཙམ་མཉམ་ཞུགས་གནང་འདུག་པ་བཅས། །
༼ འདྲ་པར་གྱི་བདག་དབང་བོད་ཀྱི་དཔེ་མཛོད་ཁང་ལ་ཡོད། ༽