ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་ཉི་ཧོང་རྒྱལ་ས་ཊོག་ཡོར་ཞི་བདེའི་སྒྱུ་རྩལ། ཞེས་པའི་བོད་ཀྱི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག སྐབས་དེར་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་འོག དགེ་འདུན་པ་བཞིས་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་འགྲེམས་སྟོན་གནང་བ་དང་། སངས་རྒྱས་སྨན་ལྷའི་རྡུལ་ཚོན་དཀྱིལ་འཁོར་བཞེངས་པ་མ་ཟད། མཁན་རིན་པོ་ཆེས་སྨན་ལྷའི་དབང་གནང་འདུག
གཞན་ཡང་མཛད་སྒོའི་ཐོག་སུད་སིར་བཅའ་བཞུགས་བོད་མི་གཞས་པ་གྲགས་ཅན་བློ་བརྟན་རྣམ་གླིང་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་བ་དང་། ཐེངས་འདིར་དུས་སྟོན་མཛད་སྒོ་གོ་སྒྲིག་གནང་མཁན་ཤེས་རབ་སྐྱེད་ཚལ་གླིང་ཚོགས་པའི་འགན་འཛིན་ཧི་རོ་ཕུ་མི་ས་ཀུ་ར་ Hirofumi Sakura ལགས་ཡིན་ཞིང་། ཁོང་ནི་ནང་སོག་ནས་ཡིན་འདུག ཚོགས་པའི་ལས་དོན་གཙོ་བོ་ནི་བོད་སོག་དབར་ཆོས་དང་རིག་གཞུང་གི་འབྲེལ་ལམ་གོང་སྤེལ་གནང་རྒྱུ་ཡིན་པ་དང་། ཉི་ཧོང་སྐུ་ཚབ་དོན་ཁང་ནས་དུས་སྟོན་ཚགས་ཚུད་ཡོང་སླད་མཐུན་འགྱུར་གནང་ཡོད་འདུག
རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་གནང་འདུག དུས་དོན་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་སྩལ་བ་དེ་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་བསྟན་པ་དང་། བཀའ་སློབ་སྙིང་དོན་ནང་མགོན་པོ་གང་ཉིད་མཆོག་གིས་འདས་པའི་ལོ་ངོ་ ༤༠ ཙམ་རིང་འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་ཚན་རིག་པ་གྲགས་ཅན་མང་པོ་དང་ལྷན་བཀའ་བསྡུར་སྦྱང་བཤད་མཛད་འབྲས་སུ། བོད་ཀྱི་རིག་གཞུང་འདི་བཞིན་གནའ་རབས་སྲོལ་རྒྱུན་རིག་གནས་རྙིང་པ་ཞིག་ཡིན་ཡང་། ད་ལྟ་འཛམ་གླིང་འདིའི་ནང་མིའི་བསམ་བློར་ཞི་བདེ་སྐྲུན་རྒྱུའི་ནུས་པ་ཧ་ཅང་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གཞུང་དེ་དག་ཚད་མཐོའི་ཡར་ཐོན་ཡིན་པའི་ངེས་པ་རྙེད་གནང་མཛད་སྐོར་དང་།
དེང་རབས་སྤྱི་ཚོགས་ནང་གཙོ་ཆེར་ཕྱི་དངོས་པོའི་མཐུན་རྐྱེན་ལ་དོན་གཉེར་ཧ་ཅང་བྱས་པ་མ་གཏོགས་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ལ་དོ་སྣང་དེ་ཙམ་མ་བྱས་པར་སྣང་ཆུང་འཐུས་ཤོར་འགྲོ་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན། “མིའི་རྣམ་དཔྱོད་དེ་བྱམས་བརྩེའི་བསམ་པས་བརྩིས་ཟིན་ཐུབ་པ་ཞིག་བྱུང་ན་ཕན་ཐོགས་ཧ་ཅང་ཡོང་ངེས། དེ་ལས་ལྡོག་སྟེ་ཆགས་སྡང་རྨོངས་གསུམ་གྱིས་གཞན་དབང་དུ་སོང་ཚེ་ཤེས་རབ་དེས་རྙོག་གྲ་ཡོངས་རྫོགས་བཟོ་རྒྱུ་རེད། དེར་བརྟེན་ང་ཚོས་ནང་གཤིས་རྒྱུད་དང་འབྲེལ་བའི་རིན་ཐང་དེ་དག་ལ་དོ་སྣང་ཤུགས་ཆེ་ཙམ་གནང་དགོས། སྨོན་ལམ་བརྒྱབ་པ་ཙམ་གྱིས་ཕན་ཐོགས་མེད། རྣམ་དཔྱོད་ཀྱིས་ཆོས་གང་དང་གང་ཡིན་རུང་དཔྱད་པ་བྱས་ནས་མི་མཐུན་ཕྱོགས་ཀྱི་བློ་དེ་དག་གི་ཉེས་དམིགས་ཤེས་པ་བྱས་ནས། དེས་གང་ཟག་སྒེར་གྱི་ལུས་པོའི་འཕྲོད་བསྟེན་ཙམ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ལའང་གནོད་རྒྱུ་ཡིན་པ་ཤེས་རྟོགས་ཐུབ་རྒྱུ་རེད།
ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་རིག་གཞུང་དེ་དག་བོད་མི་ཚོས་ད་བར་གཅེས་ཉར་བྱས་ཡོད། རིག་གཞུང་དེ་དག་གཙོ་ཆེར་མིའི་བསམ་བློ་དང་འབྲེལ་བའི་སེམས་ཁམས་རིག་པའི་རྣམ་གཞག་ཡིན། རིག་གཞུང་དེ་དག་གི་ནང་དུ། ཆོས་གང་དང་གང་ཡིན་ཡང་ལམ་སང་ཡིད་ཆེས་དང་དད་པ་ཙམ་ལ་མ་བརྟེན་པར་རྒྱུ་མཚན་བཀོད་དེ། རིག་པས་དཔྱད་པ་བྱས་ནས་འགྲོ་དགོས་པ་གཙོ་བོར་གསུངས་ཡོད་སྟབས། ཉོན་མོངས་པའི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་པ་སོགས་གསུང་པ་རྣམས་ལག་བསྟར་ཐུབ་པ་ཡིན་ན། ཐོག་མར་གང་ཟག་སྒེར་གྱི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་པ་དང་། དེ་ནས་ཁྱིམ་ཚང་འཆམ་མཐུན་དང་། རིམ་བཞིན་སྤྱི་ཚོགས་བདེ་སྐྱིད་ལྡན་པ། དེ་ལ་བརྟེན་ནས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་རྒྱུ་རེད།
བོད་མི་ཚོས་གཅེས་ཉར་བྱས་པའི་དཔལ་ནཱ་ལེནྡྲའི་ལེགས་བཤད་ཁྲོད། ནང་གི་བསམ་བློ་ཡར་རྒྱས་གཏོང་སྟངས་ཀྱི་རྣམ་གཞག་དཔེར་ན། ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་ནང་བསླབ་གཞིའི་གྲས་སུ་འཇོག་ཐུབ་པ་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་མཐོང་གི་འདུག ནང་པ་ཡིན་མིན་སྐད་ཆ་གང་ཡང་མིན། ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་ཚན་དུ་གཞག་ཐུབ་ཚེ་ཕན་ཐོགས་ཧ་ཅང་ཡོད། དེ་སྔ་ངོས་རང་ཉི་ཧོང་དུ་བསྐྱོད་སྐབས་དགོན་པའི་མཁན་པོ་ཁག་གཅིག་ལ་གཞུང་དེ་དག་གལ་ཆེ་ཡིན་སྐོར་ཞུ་སྐབས་ཁོང་རྣམ་པ་ཁག་གཅིག་གིས་ཆེད་མངགས་འཛིན་གྲྭ་ཚོགས་ནས། སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་རྣམ་གཞག་སྐོར་བགྲོ་གླེང་གནང་རྒྱུའི་ཞལ་བཞེས་གནང་བྱུང་།
ངོས་ནས་ཀྱང་མཁན་པོ་རྣམ་པར་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། ངོས་སྒེར་ལ་མཚོན་ན་ནང་པ་ཞིག་ཡིན། འོན་ཀྱང་ངོས་ཀྱིས་ནང་ཆོས་དེ་ཆོས་ལུགས་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཤེས་ཀྱི་མ་རེད། བོད་བརྒྱུད་ནང་བསྟན་ལ་ཆ་བཞག་ན། ལེགས་སྦྱར་དང་པཱ་ལིའི་སྐད་ཡིག་ནང་ཡོད་པའི་རྒྱལ་བའི་བཀའ་བསྟན་ལ་ཁུངས་གཏུག་བཞིན་ཡོད། ཉི་ཧོང་ལ་མཚོན་ན་གཙོ་བོ་ལེགས་སྦྱར་སྐད་ཡིག་ནང་ཡོད་པའི་ནང་པའི་གཞུང་ཉམས་བཞེས་གནང་མཁན་རེད། ངོས་ཀྱིས་དུས་སྟོན་གོ་སྒྲིག་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
ངོས་རང་སྒེར་ལ་མཚོན་ན། ནང་སོག་དང་དམིགས་བསལ་གྱི་འབྲེལ་བ་ཡོད། ཆུང་དུས་ནང་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་སྐབས་ངོས་ཀྱི་མཚན་ཞབས་སོག་པོ་དངོས་གྲུབ་ཚོགས་གཉིས་ཞུ་བ་ཁོང་ནང་སོག་ནས་རེད། ཕྱིས་སུ་ཕྱི་ལོ་ ༡༩༥༤ ལོར་ངོས་རང་པེ་ཅིང་དུ་བསྐྱོད་སྐབས་ནང་སོག་མི་མང་སྟོང་ཕྲག་མང་པོས་ང་རང་ཐུག་པར་སླེབས་བྱུང་། ཁོང་ཚོས་ལག་རྟགས་སུ་ཆུར་བ་སོགས་འཁྱེར་ནས་སླེབས་འདུག “ཅེས་བཀའ་སློབ་སྩལ་འདུག མཐར་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གོ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།