ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག་རང་རིགས་གཞོན་སྐྱེས་ཁག་གཅིག་ལ། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་དྲུག་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་པས་གཙོས་དགེ་ལས་སློབ་ཕྲུག་བཅས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་གྲུབ་བསྟུན། སློབ་དགེ་སྔགས་རམས་པ་ཡོན་ཏན་ལགས་ནས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང། དེ་རྗེས་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་དབང་འདུས་མཆོག་དང། སྐུ་ཞབས་བླ་མ་དབུ་མཛད་། རྡ་ས་ནས་ཆེད་ཕེབས་ཆོས་རིག་སྐུ་ཚབ་ཟླ་བ་ལགས། ཧུན་སུར་རབ་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་བཅས་ནས་ལས་འཆར་དང་འབྲེལ་བའི་སྐོར་དོན་སྙིང་ལྡན་པའི་གསུང་བཤད་གནང་ཡོད། སྐབས་དེར་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཟླ་བ་ལགས་ཀྱིས་ཐེངས་འདིར་ཟབ་ཁྲིད་ནང་སློབ་ཕྲུག་འཛུལ་ཞུགས་གནང་མཁན་མང་ཤོས་ཆགས་ཡོད་པ་དེ་ནི་སྔོན་གྱི་གྲུབ་འབྲས་ཡག་པོ་བྱུང་བའི་མཚོན་རྟགས་ཤིག་རེད་ཅེས་གསུངས་འདུག
ཐེངས་འདིའི་ཟབ་ཁྲིད་ནང་འཛུལ་ཞུགས་ཆེད་འཚང་སྙན་འབུལ་མཁན་གྲངས་ ༢༨ ཁོངས་ནས་དངོས་སུ་སློབ་ཕྲུག་གྲངས་ ༢༡ འཛུལ་ཞུགས་ཐུབ་པ་བྱུང་ཡོད། ཟབ་ཁྲིད་ཀྱི་བསླབ་གཞི་ནི་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང། ནང་དོན་རིག་པའི་གཞུང་ལུགས་ལས་གྲུབ་མཐའ། དབུ་ཕར། ཚད་མ། མཛོད་དང་སྔགས་བཅས་ཀྱི་གཞུང་ཚན་སྙིང་བསྡུས་རེ་བསླབ་གཞིར་ཡོད་པ་དང། དེ་འབྲེལ་བློ་རིག་དང་རྟགས་རིགས་སོགས་རིགས་ལམ་སློབ་ཁྲིད་དང་རྩོད་པ་ཡང་ཡོད།
མཛད་སྒོ་གྲོལ་རྗེས་སྒྲིག་གཞི་དང་སློབ་ཚན་དུས་ཚོད་རེའུ་མིག་བཅས་གསལ་བསྒྲགས་གནང་བ་སོགས་སྔོན་འགྲོའི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༢ ནས་འཛིན་གྲྭ་དངོས་གཞི་དབུ་འཛུགས་གནང་ཡོད་པ་བཅས། །