ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་བྷི་བྷི་སི་ BBC ལྷོ་ཨེ་ཤ་ཡའི་ས་གནས་ཀྱི་གསར་འགོད་པ་ལྕམ་རཱ་ཇི་ནི་ཝིདྱ་ནཱ་ཐན་ Rajini Vaidyanathan ལགས་ཀྱི་གནད་དོན་ལྡའི་ཐོག་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་འདུག
གནད་དོན་ལྔ་པོ་ནི།
༡། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་།
༢། ཨིན་ཡུལ་ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་ཕྱིར་འཐེན།
༣། བོད་དོན།
༤།རྒྱ་ནག
༥། བུད་མེད་རྟེན་ཅན་གྱི་ཏཱ་ལའི་བླ་མ། བཅས་གནད་དོན་ལྔའི་ཐོག་བཅར་འདྲི་ཞུ་སྐབས།
གནད་དོན་དང་པོར་བཀའ་ལན་སྩལ་དོན། ཨ་རིའི་སྲིད་འཛིན་ཊམ་མཆོག་ལ་བཟང་སྤྱོད་ཀྱི་ལྟ་གྲུབ་བརྟན་པོ་ཞིག་མེད་པར་བརྟེན། ཁ་སང་བཀའ་མོལ་གང་གསུངས་པ་དེ་སང་ཉིན་རྒྱབ་འགལ་གསུང་གི་འདུག དེ་སྔ་ཁོང་ཐོག་མར་སྲིད་འཛིན་ཆགས་སྐབས། ཨ་རི་བ་ཚོ་ཨང་དང་པོར་བརྩི་དགོས། ཞེས་པའི་བཀའ་མོལ་དེ་ངོས་ཀྱིས་ནོར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིར་གོ་ལ་སྤྱིའི་སྣེ་ཁྲིད་རྒྱུའི་བཟང་སྤྱོད་ཀྱི་འགན་དབང་ཡོད། ཞེས་བཀའ་ལན་སྩལ།
གནད་དོན་གཉིས་པའི་ཐོག་བཀའ་ལན་སྩལ་དོན། ངོས་རང་དུས་རྟག་ཏུ་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་ཡི་རངས་བསྔགས་བརྗོད་ཞུ་མཁན་ཞིག་ཡིན། འོན་ཀྱང་ངོས་རང་ཕྱི་མི་ཞིག་རེད། ཨིན་ཡུལ་དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་མུ་མཐུད་གནས་པ་ཡིན་ན་དགེ་མཚན་ཆེ་བ་མཐོང་གི་འདུག ཡུ་རོབ་རྒྱལ་ཁབ་ཚོས་སྐྱབས་བཅོལ་བ་ཚོ་ཡོང་སྐབས་དང་ལེན་གནང་དགོས། འོན་ཀྱང་མཐར་ཐུག་དམིགས་ཡུལ་ནི་སྐྱབས་བཅོལ་བ་དེ་དག ལག་ཤེས་སྦྱོང་བརྡར་དང་ཤེས་ཡོན་ཐོབ་ཟིན་རྗེས་ཕྱིར་སོ་སོའི་ལུང་པར་ལོག་ནས་རྒྱལ་ཁབ་འཛུགས་སྐྲུན་ཐད་བསམ་བློ་གཏོང་དགོས། ཞེས་བཀའ་ལན་སྩལ།
གནད་དོན་གསུམ་པ་བོད་དོན་སྐོར་བཀའ་ལན་སྩལ་དོན། བོད་དུ་ཕྱིར་ལོག་ཐུབ་རྒྱུའི་རེ་བ་ཡོད། བོད་མི་ཚོས་ངོས་ལ་རེ་བ་དང་ཡིད་ཆེས་བློ་འགེལ་ཧ་ཅང་བྱེད་བཞིན་འདུག བོད་མི་རྒན་རྒོན་མང་པོ་ཞིག་གིས་མིག་ཆུ་བཏང་ནས་ངོས་རང་བོད་དུ་ཡོང་རོགས་བརྗོད་ཀྱི་འདུག ད་ལྟའི་ཆར་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་ཡོད། ཅེས་བཀའ་ལན་སྩལ།
གནད་དོན་བཞི་པ་རྒྱ་ནག་ཐོག་བཀའ་ལན་སྩལ་དོན། རྒྱ་ནག་གཞུང་གི་ལས་བྱེད་པ་བགྲེས་ཡོལ་ཕེབས་ཟིན་པ་མང་པོ་ཞིག་དང་། དེ་བཞིན་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་རྒྱ་རིགས་མཁས་དབང་མང་པོ་ཞིག་དང་ངོས་རང་སྒེར་གྱི་འབྲེལ་བ་ཡོད། ཅེས་བཀའ་ལན་སྩལ། དེ་ནས་གསར་འགོད་པས། དེང་སྐབས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་རྒྱས་བཞིན་པ་དེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་དང་། བོད་ཀྱི་གནད་དོན་ཐད་ཤུགས་རྐྱེན་བྱུང་མིན་གྱི་དྲི་བར་བཀའ་ལན་སྩལ་དོན། ངོས་ལ་ཁྱད་གང་ཡང་མེད། རྒྱ་ནག་རང་གི་ནང་འགྱུར་བ་ཧ་ཅང་འགྲོ་བཞིན་འདུག མིའི་བསམ་བློ་གཏོང་སྟངས་སོགས་ལ་འགྱུར་བ་འགྲོ་བཞིན་འདུག
གནད་དོན་ལྔ་པ་བུད་མེད་རྟེན་ཅན་གྱི་ཏཱ་ལའི་བླ་མ་འབྱུང་སྲིད་མིན་སྐོར་བཀའ་འདྲི་ཞུས་པར། མ་འོངས་པར་དགོས་དབང་ཡོད་ཚེ་བུད་མེད་རྟེན་ཅན་གྱི་ཏཱ་ལའི་བླ་མ་འབྱུང་སྲིད་སྐོར་སོགས་བཀའ་ལན་སྩལ་འདུག །