༢༠༡༩ ཟླ་ ༦ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་ཕེབས་ཐོན་གྱིས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་འབྱོར་མཚམས། ས་གནས་འགོ་འཛིན་གཙོས་ལས་བྱེད་དང༌། ས་འཐུས་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་ལས་བྱེད། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། སློབ་གྲྭའི་སློབ་སྤྱི། ཁྱབ་ཁོངས་དགོན་སྡེ་ཁག་གི་ཕྱག་མཛོད། ས་གནས་སྨན་ཁང་ཁག་གཉིས་ཀྱི་འགན་འཛིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་འཛིན་དང་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཐོག ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཐོག་ས་གནས་འཕྲོད་བསྟེན་སྨན་དང་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། གཞིས་མཉམ་གཉིས་ཀྱི་ལས་ཁུངས་བཅས་སུ་གཟིགས་སྐོར་གནང༌།
ཕྱི་ཚེས་ ༢༠ ཉིན་སྔ་དྲོ་ཚོུད་ ༩ ཐོག་༸རྒྱལ་བའི་ཕོ་བྲང་དུ་གནས་མཇལ། སྨན་རྩིས་ཁང་དང༌། སློབ་གྲྭ། རྒས་གསོ་ཁང་བཅས་སུ་གཟིགས་སྐོར་གནང་རྗེས། ཆུ་ཚོད ༡༠།༣༠ ཐོག་ཀོ་ལི་གྷལ་དོན་ལྡན་གླིང་མཉམ་འབྲེལ་ཚོགས་ཁང་དུ་བཀའ་བློན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། རྒྱུན་དུ་མགོན་པོ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་༸རྒྱལ་བའི་བཀའ་དགོངས་བསྒྲུབ་དགོས་པའི་འབོད་སྐུལ་གནང་བ་དང་འབྲེལ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འཕེལ་རིམ་དང་དགོས་དམིགས། དེ་བཞིན་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང༌། གཞན་ཡང་འབྱུང་འགྱུར་བོད་གཞུང་མང་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཚུགས་འཆར་ཡོད་པ་དང་། ཚོགས་ཆེན་དེའི་གལ་གནད། བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་གལ་ཆེའི་ལས་གཞི་ཁག་གི་སྐོར་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་སྤྱི་དང་ལྷག་པར་སྔོན་རྩིས་ཀྱི་འགྲོ་སྟངས་སོགས་དཔལ་འབྱོར་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་དང་བླངས་དཔྱ་དངུལ་གྱི་གལ་གནད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་བཅས་ཀྱི་སྐོར་གསུང་བཤད་དང་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་སོགས་གནང་ཡོད།
དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་ཁྱབ་ཁོངས་རིས་མེད་དགོན་སྡེ་ཁག་ལ་མཆོད་མཇལ་དང་མཉམ་འབྲེལ་འཕྲུལ་བཟོ་དང་འཕྲུལ་རྨོས་སྡེ་ཚན་བཅས་སུ་གཟིག་སྐོར་གནང༌འདུག ཕྱི་ཚེས་ ༢༡ སྔ་དྲོའི་ཚོུད་ ༨ པའི་ཐོག་ཨུ་ཊི་ས་གནས་སུ་ཕེབས་ཐོན་གྱིས་ཁུལ་དེར་སྐྱིད་ཚལ་གླིང་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་མི་ཡོང་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་སུད་ཚོང་ཁྲོམ་རར་གཟིགས་སྐོར་གནང༌འདུག དེ་རྗེས་མང་ཚོགས་ཀྱི་རེ་འདུན་བཞིན་ཁུལ་དེའི་རྫོང་དཔོན་ལྕ་སྐུ་རྡི་ཝི་ཡ་ J. Innocent Divya མཆོག་ཐུག་འཕྲད་དང་བོད་མིའི་ཁྲོམ་སའི་གནས་སྟངས་སྐོར་གོ་བསྡུར་གནང་བ་དང་སྦྲགས། བོད་མི་ཚོར་འཕྲད་བཞིན་དཀའ་ངལ་སོགས་གནས་སྟངས་ཁ་གསལ་རྫོང་དཔོན་མཆོག་ལ་ཞུས་འདུག
ཕྱི་ཚེས་ ༢༢ སྔ་དྲོའི་ཆུ་ཚོད་ ༩ ཐོག་ཨུ་ཊིར་སུད་ཚོང་ཚོགས་པའི་ཚོགས་ཁང་ནང་བོད་མི་ཚོང་པ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་། ལྷག་པར་མགོན་པོ་མཆོག་ལ་བོད་མི་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་ཇི་ལྟར་ཞུ་ཕྱོགས་སོགས་གོང་བཞིན་བརྗོད་གཞི་ཁག་དང༌། གཞོན་སྐྱེས་སློབ་ཕྲུག་རྣམས་ནས་བོད་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད་གཟའ་མཇུག་སློབ་གྲྭ་འགོ་འཛུགས་གནང་དགོས་པའི་དགོངས་འཆར་སོགས་བོད་ཀྱི་ཆོས་དང༌། སྐད་ཡིག རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་ཐོག་ནས་བོད་མི་ཚད་ལྡན་ཞིག་བཟོ་དགོས་པའི་སྐུལ་མ་གནང་བ་མ་ཟད། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་ཁ་གསལ་གནང་ཡོད།
དེ་རྗེས་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཨུ་ཊི་ནས་ཕེབས་ཐོན་གྱིས་མེ་སོར་བོད་རིགས་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་ནས་མེ་སོར་ས་གནས་སུ་ཕེབས་བསུ་ཞུས་རྗེས་ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་ Maurya Hall མོར་ཡའི་ཚོགས་ཁང་ནང་བོད་རིགས་མཐོ་རིམ་སློབ་མ་དང་སུད་ཚོང་བ་བཅས་ལ་གོང་བཞིན་བརྗོད་གཞི་ཁག་དང༌། ལྷག་པར་སློབ་ཕྲུག་རྣམས་ནས་སློབ་སྦྱོང་ཧུར་ཐག་གནང་སྟེ་སྤྱི་ཚོགས་ཀྱི་འགན་འཁུར་བཞེས་པའི་ཐོག་གཙོ་ཆེར་སྤྱི་ནོར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་། སོ་སོའི་གཞིས་ཆགས་ནང་ཞབས་ཞུ་བསྒྲུབ་དགོས་པའི་འབོད་སྐུལ་གནང་རྗེས་དོགས་འདྲི་ཁག་ལའང་ལན་འདེབས་གསལ་བཤད་གནང་འདུག དེ་ཉིན་དགོངས་དྲོ་ཆུ་ཚོད་ ༡༠།༣༠ ཐོག་མེ་འཁོར་བརྒྱུད་བཀའ་བློན་མཆོག་མེ་སོར་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༣ ཉིན་སྔ་དྲོར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས། ད་ལྟ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་མཛད་རིམ་མུ་མཐུད་སྐྱོང་བཞིན་ཡོད་པ་བཅས།།