༢༠༡༩ ཟླ་ ༦ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༡ ནས་ཕྱི་ཚེས་ ༢༤ བར་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དུར་ནང་དུ་ཨེ་ཤི་ཡ་ཞི་བདེ་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡ འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དབུ་འབྱེད་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་དོན། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་
ད་རེས་ཁྱེད་རང་ཚོས་ཚོགས་འདུ་འཚོགས་བཞིན་ཡོད་འདུག ཐོག་མར་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། གོང་དུ་ངོས་ཀྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུང་འདོན་པ་ནང་བཞིན། གང་གི་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་
ཕྱིན་ཅི་ལོག་པའི་ལྟ་བ་དེ་ཕྱིན་ཅི་མ་ལོག་པའི་ལྟ་བ་སྐྱེས་པའི་ཐོག་ནས་ཕྱིན་ཅི་ལོག་པའི་ལྟ་བ་དེ་སེལ་བ་ལ་བརྟེན་ནས་ཡོང་བའི་ཆགས་སྡང་གི་བློ་དེ་དག་ཉུང་དུ་གཏོང་དགོས། ངོས་ཀྱིས་འཛམ་བུ་གླིང་སྟེང་གི་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། དེ་འདྲའི་སེམས་མ་འདུལ་བའི་རྩ་བ་དེ་ཕྱིན་ཅི་ལོག་པའི་ལྟ་བས་བྱེད་ཀྱི་ཡོད་པ་དང་། དེ་སྤོང་ཐབས་ནི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་དེ་ཤེས་པའི་ཐོག་ནས་ཕྱིན་ཅི་ལོག་པའི་ལྟ་བའི་སྐྱོན་ཆ་ཚང་བཏོན་ནས་ཕྱིན་ཅི་ལོག་པའི་ལྟ་བ་དེ་རྒྱབ་མདུན་ཚད་མ་མེད་པ་ཡིན་སྟབས། བརྟན་པོ་གང་ཡང་མེད། ཕྱིན་ཅི་མ་ལོག་པའི་ལྟ་བ་དེ་རྒྱུ་མཚན་ལྡན་པ་ཡིན་དུས་རྒྱུ་མཚན་གྱིས་བསམ་བློ་ཇི་ཙམ་མང་བ་བཏང་ན་དེ་ཚོད་ཀྱིས་ངེས་པ་བརྟན་དུ་འགྲོ་རྒྱུ་ཡིན་པར་བརྟེན། སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བ་དེ་ཆགས་ཀྱི་ཡོད།
གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་ཀླུ་སྒྲུབ་ཡབ་སྲས་ཧ་ཅང་རྩ་ཆེན་པོ་རེད་འདུག ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དེ་དག་ཧ་ལས་པའི་རིག་པའི་ལམ་ནས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་ནས་ཡོང་གི་ཡོད་པ་རེད། དེ་ནས་བོད་གངས་ཅན་གྱི་ལྗོངས་ལ་སྔ་འགྱུར་དང་གསར་མ་སོགས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པའི་དབང་པོ་ཚོས་གཙོ་བོ་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས་ལྟ་བ་གསུང་གི་ཡོད་པ་རེད། ཚིག་གི་འགྲེལ་བཤད་བསྐྱོན་སྟངས་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། རྩ་བ་དེ་གཅིག་གྱུར་ཆགས་ཀྱི་ཡོད།
ལྷག་པར་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོ་དང་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་རྩ་ཤེ་ཊཱིཀ་ཆེན་དང་དགོངས་པ་རབ་གསལ། དེའི་སྙིང་པོ་ཚུར་བསྡུས་པ་དྲང་ངེས་ལེགས་བཤད་སྙིང་པོ་བཅས་གཞུང་དེ་དག་གི་ཐོག་ནས་དབུ་མའི་ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་དཔྱིས་ཕྱིན་པའི་གཞུང་ཆེན་མོ་དེ་དག་བསྒྲིགས་ནས་ཧ་ལས་པ་གསུངས་འདུག དེར་བརྟེན་དེ་ཚོའི་གྲས་དེ་དག་ང་ཚོས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་འདུག དེ་བཞིན་ཆེན་པོ་ཧོར་གྱི་ཡུལ་གྲུར་ཆ་བཞག་ན། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་དཔལ་ས་སྐྱ་བའི་ཆོས་བརྒྱུད་དར་སྲོལ་བྱུང་བ་རེད། དེ་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་བཟུང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་བསྟན་པ་དཀར་འཇམ་ཡུག་གཅིག་ལ་ཁྱབ་ནས་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་ཆེན་པོ་ཧོར་གྱི་ཡུལ་ནས་དངོས་གནས་དྲང་གནས་མཁས་པ་དང་གྲུབ་པའི་སྐྱེ་བོ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་རེད། དཔེན་ན་ངོས་རང་གི་མི་ཚེའི་ནང་ཆ་བཞག་ན། ཕྱི་ལོ་ ༡༩༥༨་་་༡༩༥༩ སྐབས་སུ་གདན་ས་ཁག་གི་ནང་ཧོར་གྱི་ཡུལ་གྲུ་ཁག་ནས་ཡོང་བའི་དགེ་བཤེས་མཁས་དབང་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་རེད། དཔེར་ན་སོག་པོ་དཔལ་ལྡན་ཆོས་རྗེའི་ལེགས་བཤད་ལྟ་བུར་ཆ་བཞག་ན། བསྟན་པའི་བྱ་བ་བསྒྲུབ་རྒྱུ་རླབས་ཆེན་པོ་བྱུང་ཡོད།
དེར་བརྟེན་ཆེན་པོ་ཧོར་གྱི་ཡུལ་དུ་ད་རེས་རྒྱལ་སྤྱི་རང་བཞིན་ལྡན་པའི་ནང་པའི་ཆོས་ཚོགས་ཚོགས་པ་ཧ་ཅང་ཡག་པོ་རེད། གཙོ་ཆེ་ཤོས་རྒྱུན་དུ་ཁྱེད་རང་ཚོ་སོག་པོ་ཚོས་ཆོས་ལ་དད་པ་བྱས་མ་བྱས་སོ་སོའི་རང་དབང་རེད། སངས་རྒྱས་པའི་ལྟ་གྲུབ་ལ་དེང་སྐབས་ཚན་རིག་པ་ཚོས་ཀྱང་དོ་སྣང་ཡོང་གི་ཡོད་པ་རེད། དེར་བརྟེན་སངས་རྒྱས་པའི་ལ་གྲུབ་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ཁྱེད་རང་ཚོའི་དགོངས་པར་འཇགས་པ་གནང་རོགས། དེས་མཚོན་པའི་ཉི་ཧོང་དང་ཝེ་ཊི་ནམ། ཀོ་རི་ཡ་དང་རྒྱ་ནག་གི་ནང་པ་ཚོ་ཡིན་ནའང་འདྲ། ནང་པའི་ཆོས་ཀྱི་དད་པ་ཙམ་མ་ཡིན་པར་ནང་པའི་ལྟ་གྲུབ་ལ་དོ་སྣང་མང་ཙམ་བྱས་ནས་སློབ་གཉེར་ཤུགས་ཆེ་ཙམ་རྒྱག་ཐུབ་པ་བྱུང་ན་ཏན་ཏན་ཕན་ཐོགས་ཡོད། དེ་རིང་གི་གོ་སྐབས་འདི་བཟུང་ནས་ཁྱེད་རང་ཚོར་འདི་ཞུ་འདོད་བྱུང་། ཞེས་བཀའ་སློབ་སྩལ་རྗེས་སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ། ཅེས་ཐུགས་སྨོན་མཛད། །