ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༩ རེས་གཟའ་ཉི་མ།
༄༅། །ཁེ་ན་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་རྒྱུན་ལས་ཚོགས་ཆུང་ནང་བོད་དོན་ཉན་ཞིབ་ཆེད་ཇི་ལྟར་མགྲོན་འབོད་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཆེད་ཕེབས་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་ཇི་ཡིན་ཞིབ་ཕྲ་གསལ་བཤད་གནང་འདུག སྐབས་དེར་ཁེ་ན་ཌའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨེ་ལེག་སི་ནེབ་ Alex Neve མཆོག་སོགས་ཕེབས་འདུག
ཐོག་མར་སྲིད་སྐྱོང་མཆོག་གིས་འདི་ལོའི་གསུམ་བཅུའི་དུས་དྲན་དེ་བཞིན་གསུམ་བཅུའི་དུས་དྲན་ཐེངས་ ༦༠ ཡིན་པ་མ་ཟད། རྒྱ་ནག་གནམ་བདེ་སྒོ་མོའི་ཐང་ཆེན་ནང་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ ༣༠ འཁོར་ཡོད་སྐོར་གསུངས། དེང་སྐབས་རྒྱ་ནག་གཞུང་གིས་ཡུ་གུར་ནང་མི་གྲངས་ས་ཡ་གཅིག་ལྷག་སློབ་གསོའི་ལས་འགུལ་ཟེར་བར་སྙད་ནས་ངལ་སྩོལ་བརྩོན་རའི་ནང་དོ་དམ་བཀག་སྐྱིལ་བྱས་པ་དང་། ཉེ་ལམ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནོ་Thanh Hai Ngo མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་དགོས་པའི་གྲོས་འཆར་བསྣམས་པ་བརྒྱུད། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་ཀྱི་གནད་དོན་གསལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པར་ཡི་རངས་བསྔགས་བརྗོད་རྒྱ་ཆེ་གནང་འདུག ཕྱོགས་མཚུངས་སྐབས་དེར་སྲིད་སྐྱོང་མཆོག་གིས་ཉན་ཞིབ་ལས་རིམ་གྱི་དྲི་བར་ལན་འདེབས་གནང་སྐབས། བོད་མི་ཚོས་རྒྱ་ནག་གཞུང་ལ་རང་སྐྱོང་གི་ཐོབ་ཐང་རྩོད་བཞིན་པ་དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་སྤྲད་པའི་རང་སྐྱོང་གི་ཐོབ་ཐང་ལས་ཆུང་བ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིར་ཡི་ཆེས་མེད་པར་བརྟེན་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐུབ་ཀྱི་མེད་པ་དང་། བོད་མི་ཚོས་ཁ་ཞེ་གཉིས་མེད་ཀྱིས་རང་སྐྱོང་རྩོད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ཆེད་མངགས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་བོད་མི་ཚོས་ཕྱེད་རང་བཙན་དང་། མངོན་པར་མི་གསལ་བའི་རང་བཙན་སོགས་རྩོད་བཞིན་ཡོད་པའི་སྨྱོན་འཛུགས་བྱེད་བཞིན་ཡོད་པ་གསུངས་འདུག །