ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། ཁྲིམས་དྲུང་། ཞུ་སྦྱོར་བ་དང་ཞུ་སྦྱོར་བའི་ཁྲིམས་རྩོད་པ། རྩོད་ལན་པའི་ཁྲིམས་རྩོད་པ། ཟུར་ཉན་པ་དང་གསར་འགོད་པ་བཅས་ཚང་འཛོམས་ཐོག ཁ་མཆུ་ཨང་ ༢༠ པའི་ཉན་ཞིབ་དངོས་སུ་འགོ་འཛུགས་གནང་ཡོད་པ་དང་།
ཐོག་མར་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཁ་མཆུའི་བརྒྱུད་རིམ་ངོ་སྤྲོད་གནང་བའི་མཐར། གནད་དོན་གཉིས་ཐོག་ངོས་འཛིན་ཐག་གཅོད་གསལ་པོ་གནང་དོན་དུ།
༡. ཁ་མཆུ་ཨང་ ༢༠ པ་དེ་བཞིན་མ་ཉེས་ཁག་གཡོགས་སྐོར་ཡིན་པ་ལས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་སྐོར་མིན་པ་དང་།
༢ . བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༣ པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཚན་སྨོས་ཞུས་པ་ཡོངས་རྫོགས་ཁ་མཆུ་དེ་དང་འབྲེལ་མེད་ཡིན་པས། གནད་དོན་དེ་གཉིས་ཐོག་རྩོད་གླེང་གང་ཡང་བྱེད་མི་ཆོག་པའི་ཐག་གཅོད་གསལ་བསྒྲགས་ནན་པོ་གནང་འདུག
རྩོད་ལན་པའི་ཁྲིམས་རྩོད་པས་ཞུ་རྩའི་དོན་ཚན་གྱི་ནང་གསེས་རེ་རེ་བཞིན་ལན་འདེབས་ཞུ་དགོས་ཡོད་ཚེ། དུས་ཚོད་ཕར་འགྱངས་ཡོང་བ་ཞུས་པར། ཁྲིམས་ཞིབ་པ་ཆེ་བ་མཆོག་ནས། དུས་ཚོད་ཕར་འགྱངས་དགོས་དང་མི་དགོས་ཐད་གནད་དོན་གསལ་བཟོའི་བྱ་རིམ་གྲུབ་མཚམས་ཁྲིམས་ཞིབ་ལྷན་ཚོགས་སུ་གྲོས་བསྡུར་གྱིས་ཐག་གཅོད་གནང་རྒྱུ་ཡིན་སྐོར་གསུངས་འདུག་པ་བཅས།།