ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་བོན་གཞིས་ཐོབ་རྒྱལ་གསར་པར་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བའི་རིས་མེད་བགྲོ་གླེང་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་བཀའ་བློན་མཆོག་བོན་གཞིས་ཐོབ་རྒྱལ་གསར་པར་ཕེབས་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་གཙོ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་ཚོགས་པའི་ཟུང་དྲུང་དང་དངུལ་གཉེར། སྨན་རིའི་གྲྭ་ཚང་གི་གཉེར་པ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་ཚོགས་གཞོན། འབུམ་བཞི་མཐོ་སློབ་ཀྱི་འགན་འཛིན། སྨན་རིའི་མགྲོན་ཁང་གི་མགྲོན་གཉེར། གསང་སྔགས་སྒོམ་སྒྲུབ་གླིང་གི་གཉེར་པ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། མི་མང་། སློབ་ཕྲུག་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཀའ་བློན་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་གཟིམ་ཆུང་དུ་མཇལ་བཅར་དང་དགོན་པར་མཆོད་མཇལ་ཞུས་གྲུབ་མཚམས་རིས་མེད་བགྲོ་གླེང་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་གནང་དང་། ཉིན་རྒྱབ་ཆུ་ཚོད་ ༤ ཙམ་ལ་ས་གནས་ཀྱི་མི་མང་ལ་ལྔ་དང་ལྔ་བཅུའི་འཆར་སྣང་དང་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས། །